གསར་འགོད་རང་དབང་དང་གནས་ཚུལ་དྲང་བདེན་སྲུང་དགོས་བ་རྒྱལ་ཚོགས་ཀྱིས་འབོད་སྐུལ་བྱས་འདུག

2021.05.03
གསར་འགོད་རང་དབང་དང་གནས་ཚུལ་དྲང་བདེན་སྲུང་དགོས་བ་རྒྱལ་ཚོགས་ཀྱིས་འབོད་སྐུལ་བྱས་འདུག རྒྱ་ནག་ནང་དོན་རྐྱེན་བྱུང་ཡུལ་ཞིག་ཏུ་ཉེན་རྟོག་པས་པར་རྒྱག་མཁན་ཞིག་བཀག་འགོག་བྱེད་བཞིན་པ། ༢༠༡༥
Reuters

གསར་འགོད་པ་ཚོར་གསར་འགོད་རང་དབང་སྤྲོད་དགོས་བ་དང་གསར་འགོད་པ་ཚོས་ཕྱོགས་སུ་མ་ལྷུང་བའི་ཐོག་ནས་གནས་ཚུལ་སྤེལ་དགོས་བ་རྒྱལ་ཚོགས་ཀྱིས་གསར་འགོད་རང་དབང་ཉིན་འབོད་སྐུལ་བྱས་འདུག
དེ་ཡང་ཕྱི་ཟླ་༥་པའི་ཚེས་༣་ཉིན་ལོ་ལྟར་འཛམ་གླིང་གི་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི་ཞུ་བཞིན་པ་ལྟར། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་རིག་གཞུང་གཅེས་སྐྱོང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་(Azoulay)ལགས་ཀྱིས་གསལ་ བསྒྲགས་ཞིག་སྤེལ་གནང་ཡོད་པའི་ནང་། གསར་འགོད་རང་དབང་གི་ཉིན་མོར་འཛམ་གླིང་གི་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས། སོ་སོའི་རྒྱལ་ཁབ་ནང་གསར་འགོད་པ་ཚོར་གསར་འགྱུར་བཀོད་རྒྱུའི་རང་དབང་སྤྲོད་དགོས་པ་དང་། གསར་འགོད་པ་ཚོས་ཀྱང་ཕྱོགས་སུ་མ་ལྷུང་བའི་ཐོག་ནས་གནས་ཚུལ་སྤེལ་ནས་མི་མང་ལ་ཕན་རླབས་ཡོད་པ་ཞིག་བཟོ་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་ཏེ། གནད་དོན་ཁག་ཅིག་དཔེ་མཚོན་ལྟ་བུར་བཀོད་པའི་ནང་། སྤྱི་ཚོགས་དྲྭ་རྒྱའི་ཚན་པ་ཚོས་ཕྱི་གསལ་ནང་གསལ་དགོས་རྒྱུ་དང་། མང་ཚོགས་ལ་གནས་ཚུལ་འཁྱོག་བཤད་མ་ཡིན་པ་སྤེལ་དགོས་རྒྱུ་སོགས་གསལ་ཁ་བཏོན་གནང་འདུག
དེ་དང་ཕྱོགས་མཚུངས་གོང་ཞུས་གནས་ཚུལ་ནང་། རྒྱལ་སྤྱིའི་ཐོག་གསར་འགོད་པ་ཚོས་ གནས་ཚུལ་བཀོད་སྤེལ་སྐབས་དམ་དྲག་ཙམ་མ་ཡིན་པར་སུན་གཙེར་བྱས་བ་དང་འཛིན་བཟུང་དོ་དམ། སྐབས་རེར་ཚེ་སྲོག་གི་ཉེན་ཁ་བཟོས་པ་སོགས་ཀྱི་གནས་ཚུལ་ཡོང་གི་ཡོད་པ་དེ་དག་འགོག་ཐབས་བྱེད་དགོས་ཞེས་གསུང་ཡོད་པ་རེད།
འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོར། འཛམ་གླིང་གི་འགོ་ཁྲིད་དང་གནད་ཡོད་མི་སྣ་མང་པོ་ཞིག་གིས་སྤྱི་ཚོགས་དྲྭ་ལམ་བརྒྱུད་གསར་འགོད་པའི་ལས་དོན་ལ་བསྔགས་བརྗོད་དང་འབྲེལ་འཚམས་འཕྲིན་གནང་ཡོད་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་སྦིལན་ཀེན་(Anthony Blinken)་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་ནས། ཨ་རིའི་གཞུང་གིས་རྒྱལ་སྤྱིའི་ཐོག་གསར་འགོད་པ་ཚོའི་བདེ་འཇགས་ལ་སྲུང་སྐྱོབ་དང་། མི་དམངས་ལ་གནས་ཚུལ་མཁོ་སྤྲོད་ཀྱིས་ཤེས་རྒྱ་ཇི་ཙམ་ཆེ་བ་ཡིན་ན། དེ་ཙམ་གྱིས་སྟོབས་ཤུགས་ཤིག་འཕེལ་ཀྱི་ཡོད་པས་ཨ་རིས་གསར་འགོད་རང་དབང་ཐོག་མུ་མཐུད་དུ་རྒྱབ་སྐྱོར་གནང་གི་ཡོད་ཅེས་འཁོད་འདུག
རྒྱ་ནག་ནི་གསར་འགོད་རང་དབང་མེད་པའི་རྒྱལ་ཁབ་སྡུག་ཤོས་དེ་ཡིན་པ་དང་། ཨ་རིའི་རང་དབང་གི་ཁང་པ་(Freedom House)་ཞེས་པའི་ཞིབ་འཇུག་ལྟེ་གནས་ཁང་གིས། ༢༠༢༠་ལོའི་ནང་རྒྱལ་སྤྱིའི་ཐོག་ཆབ་སྲིད་དང་སྤྱི་དམངས་ཀྱི་རང་དབང་གི་གནས་བབ་སྐོར་ལ་ཞིབ་འཇུག་གི་སྙན་ཐོ་འདོན་སྤེལ་བྱས་བའི་ནང་། རང་དབང་གི་ཚད་གཞིའི་ཐད་ནས། བོད་དང་། དཀྱིལ་ཤར་ཡུལ་གྲུ་སའེ་རེ་ཡ་(Syria)གཉིས་རང་དབང་གི་ཚད་དམའ་ཤོས་དང་སྡུག་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོ་དེ་ཆགས་ཡོད་པ་གསལ་བཏོན་གནང་འདུག
འཛམ་གླིང་གི་གསར་འགོད་རང་དབང་གི་ཉིན་མོ་ནི། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས། འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་ལུང་ཁག་གི་ནང་གསར་འགོད་རང་དབང་དང་། གནས་ཚུལ་དྲང་བདེན་སོགས་གལ་ཆེ་རང་བཞིན་ངོས་ཟིན་ཐོབ་ནས་བརྩི་བཀུར་ཡོང་ཆེད་དང་། གསར་འགོད་རང་དབང་སྲུང་སྐྱོབ་ཆེད་ཉིན་མོ་དེ་༡༩༩༣་ལོར་ཁྱབ་བསྒྲགས་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎