རྒྱ་ནག་གཞུང་གིས་རྫ་སེར་ཤུལ་ཕྱོགས་སུ་སྒེར་བཙུགས་སློབ་གྲྭ་ཁག་སྒོ་རྒྱག་འཇུག་བཞིན་ཡོད་འདུག

སེར་ཤུལ་རྫོང་གྲོང་ཁུལ་སློབ་ཆུང་། ༼ཟླ་ཚེས་མི་གསལ།
སེར་ཤུལ་རྫོང་གྲོང་ཁུལ་སློབ་ཆུང་། ༼ཟླ་ཚེས་མི་གསལ། (བོད་འབྱོར།)

རྒྱ་ནག་གཞུང་གིས་རྫ་སེར་ཤུལ་རྫོང་ཁོངས་ཀྱི་ཡུལ་ཚོ་ཁག་གི་ནང་ཡོད་པའི་བོད་ཡིག་གཙོ་གཉེར་ཡིན་པའི་སྒེར་བཙུགས་སློབ་གྲྭ་ཁག་སྒོ་རྒྱག་གི་འཇུག་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་དབྱེས་བའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་ཁོངས་ཀྱི་གྲོང་ཚོ་ཁག་གི་ནང་། རྒྱ་ནག་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ཤེས་ཡོན་སློབ་གསོ་དང་སློབ་དེབ་སོགས་གཅིག་གྱུར་དགོས་ཚུལ་བཤད་ནས། བོད་མི་ཚོས་ཆེད་འཛུགས་བྱས་པའི་བོད་སྐད་བོད་ཡིག་གཙོ་གཉེར་ཡིན་པའི་སྒེར་གྱི་སློབ་གྲྭ་ཕན་བདེ་གཅེས་སྐྱོང་སློབ་གྲྭ་དང་། ཕྱག་ཚྭ་ལྟེ་བའི་སྒེར་གཉེར་སློབ་ཆུང་སོགས་འཛིན་རིམ་དང་པོ་ནས་དྲུག་པ་བར་ཡོད་པའི་སློབ་གྲྭ་བཅུ་གྲངས་སྒོ་རྒྱག་བཅུག་སྟེ། བྱིས་པ་ཚོ་སྲིད་གཞུང་གི་སློབ་གྲྭར་གཏོང་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་པ་མ་ཟད། ཡུལ་དེའི་ནང་སྔར་བཞིན་དྲག་ཆས་དམག་མི་ཆེད་གཏོང་བྱེད་མུས་ཡིན་པ་བོད་ནང་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
གནས་ཚུལ་ངོ་སྤྲོད་པས་འགྲེལ་བརྗོད་གནང་བ་ལྟར་ན། རྫ་ཆུ་ཁ་ཕྱོགས་ཀྱི་ཡུལ་ཚོའི་ནང་ཡོད་པའི་སྒེར་བཙུགས་སློབ་གྲྭ་དེ་དག་ནི། དེ་སྔ་བོད་ཡིག་བོད་སྐད་དང་བོད་ཀྱི་རིག་གནས་སོགས་སློབ་ཁྲིད་བྱེད་ས་ཡག་པོ་ཡོད་ན་ཡང་། འདི་ལོ་ནས་བཟུང་གནད་དོན་ཅི་ཡིན་གསལ་ཁ་གང་ཡང་མེད་པར་སྒེར་བཙུགས་སློབ་གྲྭ་ཁག་སྒོ་རྒྱག་འཇུག་བཞིན་ཡོད་པ་མ་ཟད། སྒེར་བཙུགས་སློབ་གྲྭ་ཁག་ནང་ཡོད་པའི་སློབ་ཕྲུག་ཚོ་རྫོང་དང་ཞིང་ཆེན་གྱི་སྲིད་གཞུང་སློབ་གྲྭ་ཁག་ནང་གཏོང་དགོས་པའི་སྐོར་༢༠༢༠་ལོའི་ལོ་མཇུག་ནས་བཀོད་ཁྱབ་བཏང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་གནས་ཚུལ་ངོ་སྤྲོད་པས་མུ་མཐུད་དུ། སྒེར་བཙུགས་སློབ་གྲྭ་ཁག་སྒོ་རྒྱག་བཞིན་པ་དེས་ཕ་མ་དང་། ཡུལ་མི་ཚོས་བློ་འཚབ་བྱེད་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཞིང་། བྱིས་པ་ཚོ་ཆུང་དུས་ནས་རྒྱ་ནག་དང་གྲོང་ཁྱེར་ཁག་ཏུ་ཁྲིད་སོང་བ་དེས། བུ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་རིག་གནས་གང་ཡང་མི་ཤེས་མཁན་ཞིག་ཏུ་འགྱུར་འགྲོ་བ་དང་། འབྲོག་པ་མང་ཚོགས་མང་ཆེ་བར་བྱིས་པ་ཚོ་སྲིད་གཞུང་གི་སློབ་གྲྭ་གཏོང་འདོད་མེད་ན་ཡང་། མི་གཏོང་ཐབས་མེད་ཆགས་ཡོད་པ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་སྐོར་བརྗོད་བྱུང་།
རྫ་དབོན་པོ་ཕྱོགས་སུ་དེ་སྔ་ནས་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། བོད་ནས་གནས་ཚུལ་ངོ་སྤྲོད་པ་གཞན་ཞིག་གིས་གསུངས་ན། ཡུལ་ཕྱོགས་དེའི་ནང་སྔར་བཞིན་དམ་དྲག་གི་གནས་སྟངས་ལ་འགྱུར་བ་གང་ཡང་འགྲོ་གི་མེད་པ་མ་ཟད། ༧རྒྱལ་བ་རིན་པོ་ཆེའི་སྐུ་པར་སྒྲིག་བཤམ་དང་ཕྱི་ཕྱོགས་སུ་འབྲེལ་བྱས་པ་ཤེས་སོང་བ་ཡིན་ན་འཛིན་བཟུང་དང་གཅར་རྡུང་བཀག་སྐྱིལ་སོགས་བྱེད་བཞིན་ཡོད་པ་དང་། ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མཁན་ཚོ་ནག་ཉེས་ཤུགས་ཆེ་ཤོས་ཤིག་ཏུ་བརྩི་བཞིན་ཡོད་སྐོར་ངོ་སྤྲོད་གནང་གི་འདུག

གོང་ཞུས་གནད་དོན་ཐད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཀརྨ་བསྟན་འཛིན་ལགས་ཀྱིས་གསུངས་ན། རྒྱ་ནག་གི་བཅའ་ཁྲིམས་དང་ས་གནས་ཁག་གི་རང་སྐྱོང་སྲོལ་ཡིག་བཅས་ཀྱི་ནང་། གྲངས་ཉུང་མི་རིགས་རང་སྐྱོང་གི་ས་གནས་ཁག་ཏུ་མི་རིགས་རང་གི་སྐད་ཡིག་བེད་སྤྱོད་གཏོང་ཆོག་གི་ཁྲིམས་སྲོལ་ཡོད་ཀྱང་། ད་རེས་དེར་རྩིས་མེད་ཀྱིས་བོད་མི་ཚོས་ཆེད་འཛུགས་བྱས་པའི་བོད་སྐད་བོད་ཡིག་གཙོ་གཉེར་ཡིན་པའི་སྒེར་གྱི་སློབ་གྲྭ་ཁག་སྒོ་རྒྱག་བཅུག་པ་དེའི་དམིགས་ཡུལ་གཙོ་བོ་ནི་བོད་ཡུལ་རྒྱ་ཡུལ་དུ་འགྱུར་རྒྱུའི་སྲིད་བྱུས་འཛིན་ཡོད་པ་འགྲེལ་བརྗོད་གནང་སོང་།
ཕྱི་ལོ་༢༠༡༩་ལོའི་༡༡་ཚེས་༧་ཉིན་རྫ་དབོན་པོ་ཡུལ་ཚོའི་ནང་བོད་མི་ཁག་གིས་རྒྱ་ནག་གི་ས་གནས་སྲིད་གཞུང་གི་ལས་ཁུངས་མདུན་དུ། བོད་རང་བཙན་གྱི་ཡིག་ཆ་འགྲེམས་སྤེལ་བྱས་པ་ནས་བཟུང་། རྒྱ་ནག་གཞུང་གིས་སྐབས་དེར་གྲྭ་བ་བཞི་གཙོས་པའི་ཡུལ་མི་ཁག་ཅིག་འཛིན་བཟུང་བཙོན་འཇུག་དང་། ཡུལ་དེའི་ནང་ཆེད་དུ་དྲག་ཆས་དམག་མི་བཏང་སྟེ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། སྔར་ལོའི་ཕྱི་ཟླ་༣་ནང་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བོད་མི་རྣམས་འདུ་འཛོམས་བྱེད་དུ་བཅུག་ནས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་བཤམ་བདག་ཉར་མི་ཆོག་པ་དང་། གཞན་ལ་བརྒྱུད་བསྐུར་དང་པར་འགྲེམས་མི་ཆོག་པ་སོགས་དོན་ཚན་ཁག་ལྔ་ཡོད་པའི་ཡིག་ཆར་མང་ཚོགས་ནས་འགན་ལེན་དང་ཁས་ལེན་གྱི་མིང་རྟགས་བཀོད་དུ་བཅུག་ཡོད་པ་རེད།