རྒྱ་ནག་གཞུང་གིས་རྫ་སྨད་དབོན་པོ་ཕྱོགས་སུ་དམ་དྲག་དང་༧གོང་ས་མཆོག་གི་སྐུ་པར་བཀག་སྡོམ།

2021.04.08
རྒྱ་ནག་གཞུང་གིས་རྫ་སྨད་དབོན་པོ་ཕྱོགས་སུ་དམ་དྲག་དང་༧གོང་ས་མཆོག་གི་སྐུ་པར་བཀག་སྡོམ། སེར་ཤུལ་རྫོང་རྫ་སྨད་དབོན་པོ་ཕྱོགས་སུ། ༣།༢༠༢༡
བོད་འབྱོར།

རྒྱ་ནག་གཞུང་གིས་རྫ་དབོན་པོ་ཡུལ་ཚོའི་ཕྱོགས་སུ་དམ་དྲག་དང་མཉམ་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྐུ་པར་བདག་ཉར་བཀག་སྡོམ་གྱི་ཁས་ལེན་ཡིག་གེར་མིང་རྟགས་བཀོད་བཅུག་འདུག
ཉེ་བའི་ཕྱི་ཟླ་༣པའི་ཚེས་༡༧ཉིན། རྒྱ་ནག་གིས་བརྗོད་བཞིན་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་རྫ་སྨད་དབོན་པོ་ཡུལ་ཚོ་དང་གྲོང་རྡལ་སོགས་སུ། ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ས་གནས་བོད་མི་རྣམས་འདུ་འཛོམས་བྱེད་དུ་བཅུག་ནས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་བཤམ་བདག་ཉར་མི་ཆོག་པ་དང་། གཞན་ལ་བརྒྱུད་སྐུལ་དང་པར་འགྲེམས་མི་ཆོག་པ་སོགས་དོན་ཚན་ཁག་ལྔ་ཡོད་པའི་ཡིག་ཆར་མང་ཚོགས་ནས་འགན་ལེན་དང་ཁས་ལེན་གྱི་མིང་རྟགས་བཀོད་དུ་བཅུག་ཡོད་པ། བཙན་བྱོལ་ནང་ཡོད་པའི་བོད་མི་མིང་བརྗོད་འདོད་མེད་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འདྲ་པར་དང་བཅས་གནས་ཚུལ་ངོ་སྤྲོད་གནང་ཡོད།
ལག་སོན་བྱུང་བའི་གོང་བརྗོད་ཁས་ལེན་ཡིག་གེའི་ནང་། ༼ངེས་བར་དུ་འགན་སྲུང་གཉིས་མཐའ་གཅིག་དུ་བྱས་ནས། ཏང་གི་བཀའ་དྲིན་ཚོར་བ་དང་མེས་རྒྱལ་ལ་དགའ་ཞེན། ཁྲིམས་ལུགས་སྲུང་བའི་འདུ་ཤེས་ཟབ་ཏུ་གཏོང་ཆེད། རང་ཁྱིམ་དུ་བཀག་སྡོམ་ལས་འགལ་བའི་ཏཱ་ལའི་སྐུ་བྲིས་བཞག་མི་ཆོག་པ་དང་། རང་ཉིད་ཀྱི་གཉེན་ཉེ་ཁྱིམ་ཚང་ལ་བཀག་སྡོམ་ལས་འགལ་བའི་ཏཱ་ལའི་སྐུ་པར་བཞག་མི་ཆོག་པའི་སྐུལ་སློང་བྱེད་དགོས་པ། བཀག་སྡོམ་ལས་འགལ་བའི་ཏཱ་ལའི་སྐུ་པར་སྒེར་ཉར་དང་། བརྒྱུད་སྤྲོད། པར་འགྲེམ་བཅས་བྱེད་མི་ཆོག དེ་བཞིན་དྲ་ཐོག་ནས་ཏཱ་ལའི་སྐུ་པར་དང་རི་མོ། དེ་བཞིན་ཁྲིམས་འགལ་གྱི་གཏམ་བརྗོད། རྩོམ་སྒྲིག་དང་བརྒྱུད་སྤེལ་བྱ་རྒྱུ་གཏན་འགོག་བྱེད་དགོས་པ། རང་ཉིད་ཆབ་སྲིད་ཀྱི་ལམ་ལ་ཕྱོགས་ནས། ཏང་ལ་མིག་དཔེ་བལྟས་ཏེ་ཏང་གི་རྗེས་སུ་འབྲང། ༽ཞེས་དོན་ཚན་ ༥ བཀོད་ཐོག ཁྲིམས་འགལ་རིགས་དབྱེ་ནས་འཐབ་རྩོད་བྱས་ཏེ་དྲང་བདེན་གྱི་ལམ་ལ་བསྒྱུར་རྒྱུ་དང་། སྒྲིག་སྲོལ་ཡིག་གེ་ལས་འགལ་ཚེ་རྒྱལ་ཁབ་ཀྱི་འཚོ་བའི་རོགས་དངུལ་ཡོངས་རྫོགས་དང་རོགས་སྐྱོར་གཅིག་ཀྱང་མེད་པར་བྱ་རྒྱུ་ཡིན་སྐོར་བཀོད་ནས་དེའི་ཐོག་མི་རྟགས་རྒྱབ་བཅུག་ཡོད་འདུག
དེ་ལྟར་བོད་མི་ཚོས་ཁས་ལེན་ཡིག་གེ་དེར་མིང་རྟགས་མི་བཀོད་ཐབས་མེད་ཆགས་པ་དང་། ཡང་སྐབས་དེར་རྒྱ་གཞུང་གི་དམག་མིས་ས་གནས་བོད་མིའི་རྒན་གསོ་ཁང་གི་བོད་མི་བགྲེས་སོང་རྣམས་ལ་རྔན་པ་སྤྲོད་ཞོར་འཇམ་པོའི་བསླུ་བྲིད་ཀྱིས་བགྲེས་སོང་རྣམས་ཀྱི་སྡོད་ཁང་གཙང་མ་བཟོ་ཁུལ་གྱི་སྔོག་བཤེར་སྐབས། ༧གོང་ས་མཆོག་གི་སྐུ་པར་མར་ཕབ་པ་དང་། དེའི་ཚབ་ཚབ་ཏུ་རྒྱ་ནག་གི་འགོ་ཁྲིད་ཚོའི་པར་སྤྲད་ཏེ་གུང་ཁྲན་ཏང་བཀའ་དྲིན་ཆེན་པོ་ཡིན་པ་བསམ་ཤེས་དགོས་པའི་འགྲེལ་བརྗོད་བྱས་ཡོད་པ་རེད་འདུག
གཞན་ཡང་གནས་ཚུལ་ངོ་སྤྲོད་པས་གསུང་ན། རྒྱ་གཞུང་གིས་ས་གནས་བོད་མི་རྣམས་ཀྱི་མི་སྒེར་གྱི་ཁ་པར་ནང་མཉེན་ཆས་ཤིག་ཕབ་ལེན་བྱེད་བཅུག་ཏེ། བོད་མི་རྣམས་དྲ་རྒྱའི་ཐོག་དམ་དྲག་སྟངས་འཛིན་ཡོང་ཐབས་བྱེད་བཞིན་པ་རེད་འདུག
རྫ་སྨད་དབོན་པོ་ཕྱོགས་སུ་ཉེ་བའི་ལོ་ཤས་ནང་། རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་ནས་ཞི་རྒོལ་བ་མང་པོ་འཛིན་བཟུང་བཙོན་འཇུག་དང་རྡུང་རྡེག་བཏང་བའི་གནས་སྟངས་འོག ལོ་འདིའི་ཕྱི་ཟླ་༡ཚེས༡༩ཉིན་དབོན་པོ་དགོན་པའི་དགེ་འདུན་པ་བསྟན་འཛིན་ཉི་མ་ལགས་འདས་གྲོངས་སུ་གྱུར་པའི་རྗེས། ས་གནས་སུ་རྒྱ་ནག་གི་དམག་མི་འབྱོར་ཏེ་བོད་མི་རྣམས་ལ་འདྲི་རྩད་བསུན་གཙེར་བྱས་བ་དང་། དེའི་རྗེས་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་བཞིའི་སྔོན་ལ་ས་གནས་སུ་རྒྱ་མིའི་དམག་མི་མང་པོ་འགྲེམས་འཇོག་དང་། དམག་སྦྱོང་འཇིགས་སྣང་སྐུལ་བ་སོགས་བྱས་ཡོད་འདུག་ལ་ས་ཁུལ་དེའི་བོད་མི་འབྲོག་སྡེ་ཁག་ཏུ་ཡང་༧གོང་ས་མཆོག་གི་སྐུ་པར་ཡོད་མེད་སྔོག་བཤེར་བྱས་པའི་གནས་ཚུལ་ཡོང་བཞིན་ཡོད་འདུག

IMG-20210408-WA0058.jpg

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎