བུད་མེད་སྤྱི་ཚོགས་མདུན་ཐོན་མཁན་ཚོར་རྗེས་དྲན་གྱི་ལམ་ནས་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི།

བོད་ཀྱི་བུད་མེད་ཚོས་ནད་ཡམས་ཁྱབ་གདའ་སྐབས་བུད་མེད་སྤྱི་ཚོགས་མདུན་ཐོན་མཁན་ཚོར་རྗེས་དྲན་གྱི་ལམ་ནས་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་སྲུང་བརྩི་བྱས་འདུག
ཕྱི་ཟླ་༣ཚེས་༨ཉིན་རྒྱལ་སྤྱིའི་བེུད་ཀྱི་ཉིན་མོར། བོད་ཀྱི་བེུད་ལྷན་ཚོགས་ཀྱི་ངོས་ནས་བཞུགས་སྒར་རྡ་རམ་ས་ལར། ད་རེས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་དཀའ་ངལ་ཅི་ཆེ་འཕྲད་ནས་ལོ་གཅིག་འགྲོ་བཞིན་ཡོད་པའི་སྐབས་འདིར། བེུད་སྨན་པ་དང་། སྨན་ཞབས་པ། སྤྱི་ཚོགས་ཞབས་ཞུ་བ་སོགས་མདུན་དུ་ཐོན་ནས་གཞན་ཕན་གྱི་ཞབས་འདེགས་བསྒྲུབ་མཁན་ཚོའི་བྱེད་བྱས་འགྲེམས་སྟོན་དང་སྦྲགས་ནས། ཁོང་རྣམས་ཀྱི་ལས་དོན་ལ་བསྔགས་བརྗོད་དང་རྗེས་དྲན་བྱས་ནས་བུད་མེད་ཉིན་མོ་སྲུང་བརྩི་བྱས་ཡོད་པ། བོད་ཀྱི་བེུད་ལྷན་ཚོགས་ཀྱི་འཆར་འགོད་འགན་འཛིན་བསྟན་འཛིན་མཁའ་འགྲོ་ལགས་ཀྱི་འགྲེལ་བརྗོད་གནང་གི་འདུག
བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱང་ཅན་ལགས་ཀྱིས། བེུད་ལྷན་ཚོགས་ཀྱིས་འདི་ལོ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་དཀའ་ངལ་སྐབས། ས་གནས་བེུད་ལྷན་ཚོགས་སོ་སོ་ནས་རྒྱ་གར་གྱི་ཡུལ་མི་ཚོར་ཟ་ཆས་དང་གྱོན་ཆས་སོགས་བགོས་འགྲེམས་ཀྱི་ལས་འགུལ་སྤེལ་པ་དེས་ཕན་ཐོག་བྱུང་ཡོད་པ་བརྗོད་བྱུང་།
བེུད་ལྷན་ཚོགས་ཀྱི་བེུད་རོགས་སྐྱོར་འགྲེལ་མཐུད་ལས་ཁང་གི་འགན་འཛིན་སྐལ་བཟང་སྒྲོལ་མ་ལགས་ཀྱི་གསུངས་བར་གཞིགས་ན། འདི་ལོ་ཏོག་དབྱིབས་རིམ་ནད་ཀྱི་དཀའ་ངལ་འཕྲད་སྐབས། བེུད་ཚོར་ཁྱིམ་ནང་དྲག་གཅོད་དང་། དཔལ་འབྱོར་གྱི་དཀའ་ངལ། སློབ་གྲྭ་སྒོ་རྒྱབ་པའི་སྐབས་ཕྲུག་གུའི་ཤེས་ཡོན་ལ་ལྟ་རྟོག་བྱེད་དགོས་བ། སྦྲུམ་མ་ཡིན་པའི་སྐབས་ཀྱི་དཀའ་ངལ་སོགས་དཀའ་ངལ་སྣ་ཚོགས་ཤིག་འཕྲད་ཡོད་ཀྱང་། དཀའ་ངལ་ཁག་ཅིག་ལ་བེུད་སོ་སོས་གདོང་ལེན་བྱས་ཡོད་པ་དང་། ཁག་ཅིག་ལ་ཚོགས་སྡེ་ཁག་ནས་རོགས་སྐྱོར་གནང་བ་སོགས་བྱུང་ཡོད་པ་མ་ཟད། བེུད་རོགས་སྐྱོར་འབྲེལ་མཐུད་ལས་ཁང་ལ་དཀའ་ངལ་ཞུ་མཁན་བཅོ་ལྔ་བྱུང་ཡོད་པ་རེད་འདུག
རྒྱལ་སྤྱིའི་བེུད་ཉིན་མོ་ཞེས་པ་༡༩༠༠་ཙམ་ནས་སྲུང་བརྩི་ཞུ་སྲོལ་ཡོད་པ་དང་། ༡༩༠༨་ལོར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནང་བེུད་ལ་ཐོབ་ཐང་འདྲ་མཉམ་དགོས་པའི་ལས་འགུལ་བ་སྤེལ་བ་དང་། དེ་ནས་༡༩༡༡ལོར་ཌན་མག་རྒྱལ་ས་ཀོ་པན་ཧཝ་གྷན་གྲོང་ཁྱེར་ནང་ཚོགས་པའི་ཚོགས་འདུའི་ཐོག་ནས་ཡོངས་གྲགས་རྒྱལ་སྤྱིའི་བེུད་ཉིན་མོ་ཞེས་སྲུང་བརྩི་ཞུ་སྒོ་ཚུགས་ཡོད་པ་ནས་བཟུང་ལོ་ལྟར་བརྗོད་གཞི་འདྲ་མིན་ཐོག་ནས་སྲུང་བརྩི་ཞུ་གྱི་ཡོད་ཅིང་། འདི་ལོའི་རྒྱལ་སྤྱིའི་བེུད་ཉིན་མོའི་བརྗོད་གཞི་ནི་གདོང་ལེན་ཆེད་དུ་འདམ་པ་ཞེས་པ་རེད་འདུག