༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དངོས་བྱུང་མཛད་རྣམ་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པ་སུད་སི་ནས་དངོས་སུ་གཟིགས་འབུལ་གནང་འདུག
མི་རྣམས་ཀྱིས་ངང་སྒུག་ཞུ་བཞིན་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དངོས་བྱུང་མཛད་རྣམ་༼བདེ་སྐྱིད་ཀྱི་ཤེས་རབ་༽ཅེས་པའི་གློག་བརྙན་སུད་སིའི་(Zurich)་ཛུ་རིག་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་གནང་འདུག
- 2024-10-09
-
-
-
Your browser doesn’t support HTML5 audio
* འདིར་གནན་ན་དབྱིན་ཡིག་ནང་འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ཀློག་ཐུབ།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དངོས་བྱུང་མཛད་རྣམ་གྱི་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་(Wisdom of Happiness)་ཅེས་པ་འདི་ཚེས་༨ཉིན་སུད་སིའི་(Zurich)་ཛུ་རིག་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་གནང་ཡོད་པ་དང་། གཟིགས་འབུལ་གྱི་མཛད་སྒོའི་ཐོག་ཨ་མི་རི་ཀའི་ཧོ་ལེ་ཝོ་ཌི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་། བོད་དོན་རྒྱབ་སྐྱོར་བ་རི་ཆརཌི་གྷིཡར་(Richard Gere)་ལགས་གློག་བརྙན་བཟོ་བསྐྲུན་གོ་སྒྲིག་ལག་བསྟར་བའི་མཚན་ཐོག་ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། གློག་བརྙན་དེའི་འཁྲབ་ཁྲིད་པ་དང་པར་པ་བཅས་ཀྱང་དངོས་སུ་ཕེབས་ཡོད་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་སྐུའི་གཅུང་མོ་རྗེ་བཙུན་པད་མ་ལགས་བཅས་ཆེད་ཕེབས་གནང་ཡོད་པ་རེད།
གློག་བརྙན་དེའི་འཁྲབ་ཁྲིད་པ་སྦར་སྦ་ར་མིལཱར་(Barbara Miller)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པར་ངོ་སྤྲོད་གནང་སྐབས། གློག་བརྙན་དེ་ཆ་ཚང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་དང་བརྙན་རེད། ནང་དོན་གཙོ་བོ་དུས་རབས་ཉི་ཤུ་པ་དེ་དམག་འཁྲུག་གི་ལས་ལ་ཞུགས་པའི་སྐྱོ་གར་གྱི་ཉམས་མྱོང་ལས་བསླབ་བྱ་བླངས་ཏེ་དུས་རབས་ཉེར་གཅིག་དེ་ཞི་བདེའི་དུས་རབས་ཞིག་ལ་མངོན་འགྱུར་ཡོང་ཆེད་གཙོ་བོ་མི་སོ་སོའི་སེམས་རྒྱུད་ལ་བྱམས་བརྩེའི་དཔལ་ཡོན་གོང་འཕེལ་གཏོང་དགོས་བའི་ལམ་སྟོན་མཛད་ཡོད་པ་གསུངས་བྱུང་།
གློག་བརྙན་དེ་དང་འབྲེལ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པར་དགོངས་ཚུལ་གསུངས་སྐབས། དེང་སྐབས་འཛམ་གླིང་འདིའི་ནང་དམག་འཁྲུག་དང་དྲག་སྤྱོད་ཀྱི་གནས་ཚུལ་མང་པོ་ཡོད་པ་དཔེར་ན། ད་ལྟ་རང་ང་ཚོས་སྐད་ཆ་བཤད་བཞིན་པའི་སྐབས་འདིར་འཛམ་གླིང་འདིའི་ནང་དམག་འཁྲུག་དང་དྲག་སྤྱོད་ཀྱི་གནས་ཚུལ་༥༥ཙམ་ཡོད་བཞིན་པ་རེད། དེ་འཛམ་གླིང་སྤྱི་ཡོངས་ཀྱི་རྒྱལ་ཁབ་གྱི་གྲངས་ཀ་དང་བསྡུར་ན་བརྒྱ་ཆ་༢༥ཙམ་རེད། དུས་སྐབས་འདི་འདྲའི་སྐབས་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་རྒྱུན་དུ་བྱམས་པ་དང་སྙིང་རྗེ་སོགས་བཀའ་བསྩལ་དང་སྩལ་བཞིན་པ་ནི་དུས་ལ་རན་པོ་དང་འོས་མཚམས་ཡིན་པས། རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་དང་བོད་དོན་གཉིས་དབྱེ་བ་ཕྱེ་ཐུབ་རྒྱུ་ཁག་པོ་ཆགས་ཡོད་དུས། བོད་དོན་ལ་རང་བཞིན་གྱིས་གལ་ཆེན་པོ་ཆགས་ཡོད་པར་བརྟེན་གལ་ཆེན་དུ་བརྩིས་ནས་ད་ཐེངས་ཆེད་དུ་བཅར་བ་ཡིན་ལ། རིམ་པས་རྒྱལ་ཁབ་ཁག་བཞིའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་འཆར་ཡོད་པ་གསུངས་བྱུང་།
གཞན་གློག་བརྙན་གཟིགས་འབུལ་གྱི་མཛད་སྒོར་དམིགས་བསལ་སྐུ་མགྲོན་དུ་ཕེབས་པ་སྐུའི་གཅུང་མོ་རྗེ་བཙུན་པད་མ་ལགས་ཀྱིས། གློག་བརྙན་བཟོ་བསྐྲུན་པ་རྣམ་པ་བཞུགས་སྒར་རྡ་རམ་སཱ་ལར་ཆེད་དུ་བཅར་ནས་༧གོང་ས་མཆོག་དང་དངོས་སུ་མཇལ་འཕྲད་ཀྱིས་༧གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་གློག་བརྙན་དེ་ཕབ་བསྐྲུན་ཡག་པོ་གནང་འདུག ༧གོང་ས་མཆོག་གིས་ད་ལྟའི་འཛམ་གླིང་གི་གནས་སྟངས་དང་འབྲེལ་བཀའ་ཡག་པོ་གནང་འདུག ད་ཐེངས་གློག་བརྙན་གཟིགས་འབུལ་གནང་སྐབས་མི་མང་པོ་འཛོམས་ནས་དགའ་མོས་བྱེད་ཀྱི་འདུག་པས་དགའ་སྤོབས་བྱུང་བ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གློག་བརྙན་དེའི་ནང་དགུང་གྲངས་༨༩ཕེབས་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མི་རྣམས་ལ་ནང་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་སྐྲུན་ཐབས་མཛད་པ་དང་། ཞི་བདེ་དང་བདེ་སྐྱིད་ལྡན་པའི་དུས་རབས་༢༡པ་བསྐྲུན་པར་ནུས་ཤུགས་བཏོན་གནང་མཛད་ཡོད་པ་གསལ་སྟོན་ཞུས་ཡོད་པ་དང་། དམིགས་བསལ་དང་ཞིབ་ཚགས་ཀྱི་ལམ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་རྗེས་དང་བྱམས་བརྩེའི་ཁྱད་ཡོན་སྐོར། ད་དུང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོ་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་རིན་ཐང་ཅན་གྱི་བོད་ཀྱི་ནང་ཆོས་ཀྱི་རིག་གཞུང་དང་། གོ་ལ་གཅིག་གྱུར་གྱི་སྤྱི་ཚོགས་དང་དེང་རབས་ཀུན་ཁྱབ་ཀྱི་ལྟ་གྲུབ་ཐད་ཀྱི་དགོངས་གཞི་གཏིང་ཟབ་ཁྱབ་སྤེལ་མཛད་པ་ཁག་ཀྱང་གསལ་སྟོན་ཞུས་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དངོས་བྱུང་མཛད་རྣམ་གྱི་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་(Wisdom of Happiness) ཅེས་པ་ནི་གློག་བརྙན་འཁྲབ་ཁྲིད་པ་སྦར་སྦ་ར་མིལཱར་(Barbara Miller)་ལགས་དང་། ཧྥིལིཔ་ཌེལཱ་ཁུཝེསི་(Philip Delaquis)་ལགས་རྣམ་གཉིས་ཀྱིས་འཁྲབ་ཁྲིད་གནང་བ་དང་། ཨ་མི་རི་ཀའི་ཧོ་ལེ་ཝོ་ཌི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆརཌི་གྷིཡར་(Richard Gere)་ལགས་དང་། འཁྲབ་གཞུང་རྩོམ་པ་པོ་དང་གློག་བརྙན་བཟོ་བསྐྲུན་པ་ཨོརེན་མོཝར་མཎ་(Oren Moverman)་ལགས་བཅས་ཀྱིས་མཉམ་ལས་ཀྱིས་ཕབ་བསྐྲུན་གནང་བ་ཞག་ཡིན་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དངོས་བྱུང་མཛད་རྣམ་༼བདེ་སྐྱིད་ཀྱི་ཤེས་རབ་༽ཅེས་པ་ད་རེས་སྤྱི་ཚེས་༡༣བར་ཛུ་རིག་(Zurich)་གློག་བརྙན་དུས་སྟོན་སྐབས་གཟིགས་འབུལ་ཞུས་རྗེས། ཕྱི་ལོ་༢༠༢༤ཕྱི་ཟླ་༡༢ ཚེས་༥ ནས་བཟུང་སུད་སིའི་གློག་བརྙན་ཁང་ཁག་གི་ནང་གཟིགས་འབུལ་གནང་རྒྱུ་དང་། ཕྱི་ཟླ་༡༠པའི་ཚེས་༢༠ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་(Woodstock)་ཁུལ་དུ་གཟིགས་འབུལ་ཞུ་རྒྱུ་ཡིན་པ་རེད།
གསར་འགོད་པ། རབ་སྒང་ཚེ་ཕུན། ཀླུ་འབུམ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།