རྒྱ་ནག་གཞུང་གིས་བོད་ནང་དུ་སློབ་གྲྭ་ཁག་གི་དགུན་ཁའི་གུང་གསེང་སྐབས་བྱིས་པ་ཚོར་ཆོས་ལུགས་བྱེད་སྒོ་སོགས་ལ་ཞུགས་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་འདུག

2024.12.19
རྒྱ་ནག་གཞུང་གིས་བོད་ནང་དུ་སློབ་གྲྭ་ཁག་གི་དགུན་ཁའི་གུང་གསེང་སྐབས་བྱིས་པ་ཚོར་ཆོས་ལུགས་བྱེད་སྒོ་སོགས་ལ་ཞུགས་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་འདུག བོད་ནང་གི་ས་ཁུལ་ཞིག་ཏུ་སློབ་ཕྲུག་ཚོར་ཟབ་སྦྱོང་འཛིན་གྲྭ ཚོགས་བཞིན་པ། ཟླ་ཚེས་མི་གསལ།
མི་སེར་གྱི་འདྲ་པར།

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༣༠ ཉིན་ནས་བཟུང་། རྒྱ་ནག་གཞུང་གིས་བཅད་བགོས་བྱས་པ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་། དགུན་དུས་ཀྱི་སློབ་གྲྭ་ཆུང་འབྲིང་གི་གུང་གསེང་གཏོང་གི་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཁག་ཅིག་ནས་དགུན་ཁའི་གུང་གསེང་བསྟུན། ཕྲུ་གུར་སློབ་གྲྭའི་འཆར་འགོད་ལས་ཟུར་དུ་ཟབ་སྦྱོང་སྤྲོད་པ་གཏན་འགག་དང་། ཆོས་ལུགས་བྱེད་སྒོ་སོགས་སུ་ཞུགས་མི་ཆོག་པའི་བརྡ་ཁྱབ་སྤེལ་བཞིན་པ་སོགས་འདུག་ལ། དེང་སྐབས་བོད་ནང་དུ་ཕྲུ་གུའི་གུང་གསེང་སྐབས་བྱིས་པར་བོད་ཡིག་ཟུར་སྦྱོང་དང་། དགོན་པ་ཁག་ཏུ་རྩ་ནས་གཏོང་མི་བཅུག་པ་དང་། འདི་ལོའི་གུང་གསེང་དང་བསྟུན་སློབ་གྲྭའི་ངོས་ནས་ཕ་མ་ཚོར་བདུན་ཕྲག་རེའི་ནང་འབྲེལ་བ་བྱས་ཏེ། ཁྱིམ་དུ་སློབ་གསོ་ག་འདྲ་སྤྲོད་བཞིན་ཡོད་དང་ས་གནས་གང་དུ་ཁྲིད་བཞིན་ཡོད་སོགས་རྟོག་ཞིབ་རྗེས་འདེད་གཏོང་རྒྱུ་ཡིན་པ་སོགས་བརྗོད་བཞིན་ཡོད་སྐོར། བོད་ནང་གི་འབྲེལ་ཡོད་སློབ་ཕྲུག་གི་ཁྱིམ་བདག་ཅིག་ནས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ལྷ་ས་གྲོང་ཁྱེར་ཤེས་ཡོན་ལས་ཁུངས་ཟེར་བས་དགུན་ཁའི་གུང་གསེང་དང་འབྲེལ་བའི་བརྡ་ཁྱབ་ཅིག་སྤེལ་ཏེ། དགུན་ཁའི་གུང་གསེང་དང་བསྟུན་ཕྲུ་གུའི་བདེ་འཇགས་ལ་ཡིད་གཟབ་དགོས་སྐོར་དང་། རྫོང་དང་གྲོང་ཁྱེར་ཁག་གིས་གུང་གསེང་སྐབས་སློབ་གྲྭའི་སློབ་ཁྲིད་སྒྲིག་གཞི་ལས། བྱིས་པའི་སེམས་ཁམས་སློབ་གསོར་དོ་སྣང་གིས་སྒྲིག་འགལ་གྱི་ཚོགས་པའི་ནང་ཞུགས་མི་བཅུག་པ་དང་། སློབ་གྲྭའི་ངོས་ནས་བྱིས་པའི་རྒྱ་སྐད་བྱང་ཚད་ཡག་པོ་ཡོང་ཆེད་ཕ་མ་དང་བྱིས་པར་སློབ་ཚན་གྲ་སྒྲིག་དགོས་པ། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སློབ་ཁྲིད་ལས་གཞན་པའི་སློབ་ཚན་ཟུར་ཁྲིད་སོགས་རྩ་ནས་མི་ཆོག་སྐོར་སོགས་བརྗོད་འདུག་ལ། གོང་ཞུས་འབྲེལ་ཡོད་ཁྱིམ་བདག་ནས་མུ་མཐུད་བརྗོད་དོན་ལ། དེང་སྐབས་བོད་ནང་གི་ལོ་ཆུང་བྱིས་པ་ཚོའི་ཁྲོད་དུ་བོད་སྐད་མི་ཤེས་མཁན་ཕོན་ཆེ་ཐོན་བཞིན་ཡོད་པས། ཁྱིམ་བདག་མང་པོས་ཕྲུ་གུར་གུང་གསེང་ལྟ་བུ་བེད་སྤྱད་ནས་བོད་ཡིག་བོད་སྐད་ཁྲིད་བཅུག་འདོད་ཡོད་ན་ཡང་། ལོ་ཤས་སྔོན་ནས་བཟུང་ལྷ་ས་སོགས་ནས་སྒེར་དང་ཚོགས་པ་སོགས་ཕྲུ་གུར་གུང་གསེང་སྐབས་ཟབ་སྦྱོང་སྤྲོད་མཁན་ཚང་མ་རྩ་མེད་བཏང་སྟེ། ཕྲུ་གུར་གུང་གསེང་སྐབས་ཁྱིམ་དུ་སློབ་ཁྲིད་ག་འདྲ་བྱེད་བཞིན་ཡོད་སོགས་གཞུང་ངོས་ནས་ཞིབ་བཤེར་འོག་བཅུག་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་དགུན་ཁའི་གུང་གསེང་དང་བསྟུན་སློབ་གྲྭའི་ངོས་ནས་ཁྱིམ་བདག་དང་སློབ་ཕྲུག་ལ་བཏང་བའི་བརྡ་ཁྱབ་ཟེར་བ་ཁག་ཅིག་སྤེལ་བའི་ཁྲོད། བོད་རང་སྐྱོང་ལྗོངས་ལས་རིགས་ལག་རྩལ་སློབ་གྲྭ་ཟེར་བས། སློབ་གྲྭའི་གུང་གསེང་སྐབས་ཕྲུ་གུར་དྲ་ལམ་དུ་གནས་ཚུལ་དྲ་ལམ་ལྟ་ཀློག་བྱེད་མི་བཅུག་པ་དང་། དྲ་རྒྱའི་ཁྲིམས་དང་རྒྱ་ནག་གཞུང་འབྲེལ་གྱི་སྒྲིག་ཁྲིམས་སོགས་ཤེས་རྟོགས་བྱེད་བཅུག་དགོས་སྐོར་བརྗོད་འདུག་ལ། ཡང་གཞིས་ཀ་རྩེ་འབྲིང་རིམ་སློབ་གྲྭ་གསུམ་པ་ཟེར་བས་བརྡ་ཁྱབ་ནང་། གུང་གསེང་སྐབས་ཕྲུ་གུའི་བདེ་འཇགས་ལ་ཡིད་གཟབ་ཀྱིས་དྲ་ལམ་ཀྱི་ཚོགས་པ་སོགས་ཀྱི་ནང་འཛུལ་ཞུགས་མི་བཅུག་པ་དང་། དཀྲོག་གཏམ་རིགས་ལ་ཡིད་ཆེས་མི་བཅུག་པ་དང་། ཁྲིམས་འགལ་གྱི་མི་ཚོགས་འདུ་འཛོམས་དང་ཆོས་ལུགས་བྱེད་སྒོ། རྩེད་རིགས་སོགས་ཀྱི་ནང་ཞུགས་མི་ཆོག་པ་བསྒྲགས་འདུག་ལ། སྤྱིར་ད་ཐེངས་ཙམ་མ་ཡིན་པར་རྒྱ་ནག་གཞུང་འདས་པའི་ལོ་ཤས་ནས་བཟུང་། བོད་ནང་གི་སློབ་ཕྲུག་ཚོར་ཆོས་ལུགས་བྱེད་སྒོ་དང་བོད་སྐད་བོད་ཡིག་གི་ཟབ་སློབ་ལ་ཞུགས་མི་ཆོག་པའི་དམ་དྲག་ཤུགས་ཆེར་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་ནང་ཆེན་རྫོང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཟེར་བས་བརྡ་ཁྱབ་སྤེལ་ཏེ། གུང་གསེང་སྐབས་སློབ་ཕྲུག་ལ་བོད་ཡིག་ཟབ་སྦྱོང་སྤྲོད་མཁན་གྱི་དགོན་པ་དག་གནད་དོན་ཆེ་བའི་དགོན་པའི་གྲས་སུ་བཞག་སྟེ་དགོན་པའི་ཡིག་ཐོ་ལས་ཕུད་ཅིང་། ཆོས་ལུགས་མི་སྣའི་དཔང་ཡིག་བསྡུ་རྒྱུ་ཡིན་པ་སོགས་ཀྱི་དམ་དྲག་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གཞུང་འབྲེལ་ཤེས་ཡོན་ལས་ཁུངས་ཟེར་བས་དངོས་སུ་སློབ་གྲྭའི་གུང་གསེང་དང་བསྟུན། སློབ་ཕྲུག་ཚོར་གཞུང་གི་གོ་སྒྲིག་ལས་འགལ་བའི་སློབ་ཁྲིད་བྱས་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་རེད་ལ། དེ་དང་འབྲེལ་ནས་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ནང་མཚོ་སྔོན་ཞིང་ཆེན་ཟེར་བས་སློབ་གྲྭ་ཁག་གི་གུང་གསེང་སྐབས་དམིགས་བསལ་བོད་ཡིག་སློབ་ཁྲིད་ཟབ་སྦྱོང་མི་ཆིག་པའི་དམ་དྲག་བྱས་ཡོད་པ་རེད་ལ། དེ་ལྟར་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་རྒྱ་ནག་གཞུང་གིས་སློབ་གསོ་འདྲ་མཉམ་ཟེར་བའི་ལས་འགུལ་འོག་རྒྱ་ནག་གཞུང་འབྲེལ་གྱི་གཏན་འབེབས་བཞིན། དམར་ཤོག་ཚོགས་པའི་སློབ་གསོ་ལག་བསྟར་ཡག་པོ་ཡོང་ཆེད་ཡིན་པ་དང་། དེ་དང་འབྲེལ་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཡིག་སློབ་ཁྲིད་གཙོ་ཁྲིད་ཀྱི་སྒེར་གཉེར་སློབ་གྲྭ་མང་དག་ཅིག་སྒོ་བརྒྱབ་ཟིན་པ་མ་ཟད། ཕྱི་ལོ་ ༢༠༢༣ ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་གི་དཀར་མཛེས་ཁུལ་ཡོངས་ཀྱི་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཁྲིད་མེད་པ་བཟོས་ཡོད་པ་རེད་ལ། སྐབས་དེར་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་སྐད་ཡིག་སློབ་གསོ་གསོན་ཐབས་མེད་པའི་གནས་སུ་སྐྱེལ་བཞིན་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎