འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་ཚོགས་ཆུང་རྒྱ་ནག་ནང་བསྐྱོད་པར་རྒྱ་ནག་གིས་ཆོག་མཆན་སྤྲད་མི་འདུག
རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཆེད་ལས་ཞིབ་འཇུག་ཚོགས་ཆུང་ལ་(Covid-19)ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་དང་འབྲེལ་ཏེ། རྒྱ་ནག་ནང་ཞིབ་འཇུག་ཆེད་བསྐྱོད་རྒྱུར་ཆོག་མཆན་སྤྲད་མི་འདུག
རྒྱ་ནག་ཝུའུ་ཧན་ནས་ཐོག་མར་(Covid-19)ཏོག་དབྱིབས་ནད་ཡམས་བྱུང་ནས་ལོ་གཅིག་འགོར་བའི་རྗེས་སུ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཆེད་མཁས་པའི་ཚོགས་ཆུང་ཞིག་བདུན་ཕྲག་འདིར་རྒྱ་ནག་ནང་བསྐྱོད་འཆར་ཡོད་པ་དེར། རྒྱལ་སྤྱིའི་སྟེང་ཡོངས་ཁྱབ་ཀྱིས་དོ་སྣང་བྱེད་བཞིན་པ་དང་། ཞིབ་འཇུག་ཚོགས་ཆུང་ནས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྟོག་ཞིབ་ཆེད་དང་། རྒྱ་ནག་ཝུའུ་ཧན་ནི་ཏོག་དབྱིབས་ནད་དུག་དེ་ཐོག་མར་བྱུང་ས་ཡིན་པས་ཐེངས་འདིའི་རྟོག་ཞིབ་ཀྱི་ས་ཁུལ་གཙོ་བོར་བཞག་ཡོད་པ་རེད། ཡིན་ནའང་ཕྱི་ཚེས་༥ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་(Tedros Adhanom Ghebreyesus)ནས་ཇི་ནི་ཝའི་གསར་འགོད་ལྷན་ཚོགས་ཤིག་ཐོག་རྒྱ་ནག་གིས་རྒྱལ་སྤྱིའི་ཏོག་དབྱིབས་ནད་དུག་རྟོག་ཞིབ་ཚོགས་ཆུང་རྒྱ་ནག་ནང་བསྐྱོད་རྒྱུར་ཆོག་མཆན་མ་སྤྲད་པར་ནར་འགྱངས་བྱས་བར་ཧ་ཅང་བློ་ཕམ་གྱི་རྣམ་འགྱུར་བསྟན་ཡོད། ཁོང་གིས། ང་ཚོས་རྒྱ་ནག་གི་དཔོན་རིགས་ནས་ད་དུང་ཐེངས་འདིའི་རྟོག་ཞིབ་ཚོགས་པ་རྒྱ་ནག་ནང་བསྐྱོད་པའི་དགོས་ངེས་ཀྱི་ཆོག་མཆན་ཐོབ་མེད་པ་དེར་ངས་ཧ་ཅང་བློ་ཕམ་ཡོད་ཅེས་ནམ་རྒྱུན་མཐོང་དཀོན་པའི་རྒྱ་ནག་ལ་སྐྱོན་བརྗོད་དང་། དེ་བཞིན་མུ་མཐུད་དུ་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དང་གྲོས་བསྡུར་བྱེད་བཞིན་པ་སོགས་བརྗོད་འདུག
དེའི་ཐད་ཕྱི་ཚེས་༦ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲོང་ཡུན་ནས་གསར་འགོད་ལྷན་ཚོགས་ཐོག་རྒྱལ་སྤྱིའི་ཆེད་མཁས་པ་རྒྱ་ནག་ནང་སླེབས་ནས་ལས་དོན་ལེགས་འགྲུབ་ཁག་ཐེག་ཆེད་འབྲེལ་ཡོད་གནད་དོན་ཐད་གྲོས་མོལ་བྱེད་པའི་སྒང་ཡིན་ཚུལ་ལན་འདེབས་བྱས་འདུག
ཡིན་ནའང་རྒྱ་ནག་གིས་རྒྱུན་རིང་པོ་ཞིག་ལ་ནད་ཡམས་ཀྱི་འབྱུང་ཁུངས་རྩད་གཅོད་བྱེད་པར་ངོ་རྒོལ་བྱས་ནས། གལ་སྲིད་ནད་ཡམས་ཀྱི་འབྱུང་ཁུངས་ངོ་མ་ཝུའུ་ཧན་ཡིན་པ་རྩད་ཆོད་པ་ཡིན་ན་རྒྱལ་སྤྱིའི་སྟེང་སྐྱིན་ཚབ་འདེད་པར་སྐྲག་སྣང་བྱས་པ་དང་། དེའི་རྗེས་སུ་རྒྱལ་སྤྱིའི་གནོན་ཤུགས་འོག་རྟོག་ཞིབ་བྱེད་པར་མོས་མཐུན་བྱས་ཡོད་ཀྱང་། རྒྱ་ནག་ནང་གི་རྟོག་ཞིབ་དེ་རྒྱ་ནག་གཞུང་ཕྱོགས་ཀྱི་ཆེད་མཁས་པས་སྟངས་འཛིན་བྱེད་པར་ཤུགས་སྣོན་བྱེད་བཞིན་པ་མ་ཟད། འཛམ་གླིང་འཕྲོད་བསྟེན་སྒྲིག་ནས་རྒྱ་ནག་གཅིག་པོ་མ་ཡིན་པར་ཨ་རི་དང་ཨས་ཌ་ལི། ཨས་རན་སོགས་ནད་ཡམས་ཚབས་ཆེན་ཁྱབ་པའི་རྒྱལ་ཁབ་ཁག་ནང་ཡང་རྟོག་ཞིབ་བྱེད་དགོས་ཚུལ་བརྗོད་བཞིན་འདུག
དེའི་ཐད་ཨ་རིའི་སིའི་ཡ་ཀྲོ་མངའ་སྡེ་ནང་བཞུགས་པའི་འགོས་ནད་ཐད་ཞིབ་འཇུག་གནང་མཁན་ཆེད་ལས་སྨན་པ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས། ཐེངས་འདིར་ཆེད་ལས་ཚོགས་པ་རྒྱ་ནག་ནང་རྟོག་ཞིབ་ཆེད་བསྐྱོད་རྒྱུར་བཀག་སྡོམ་བྱས་པ་རེད་མོད། སྤྱིར་བཏང་ནད་ཡམས་ཐད་ཞིབ་འཇུག་བྱས་ཀྱང་མཐའ་འབྲས་ལམ་སེང་ཐོན་མི་ཐུབ་པར་མ་མཐའ་ཡང་ལོ་ཁ་ཤས་འགོར་གྱི་ཡོད་པ་འགྲེལ་བརྗོད་གནང་སོང་།
ཉམས་ཞིབ་ཡིག་ཆ་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཏོག་དབྱིབས་ནད་དུག་དེ་བྱ་མ་བྱིའམ་ཕ་ཝང་ཁྲོད་འགོས་ཁྱབ་བྱུང་ནས་ལོ་བཅུ་ཕྲག་ཁ་ཤས་འགོར་ཡོད་སྲིད་ཀྱང་། དེའི་བར་རོལ་ནས་ཤེས་རྟོགས་བྱུང་མེད་ལ། མིག་སྔར་དེ་སྲོག་ཆགས་དང་མི་རིགས་བར་ཇི་ལྟར་འགྲོས་ཁྱབ་སོང་མིན་ཡང་ཤེས་རྟོགས་མེད་པ་རེད། གལ་སྲིད་ནད་ཡམས་འདིའི་འབྱུང་ཁུངས་རྩད་ཆོད་པ་ཡིན་ན། རྗེས་ཕྱོགས་ནད་ཡམས་འདི་རིགས་འགོག་སྲུང་དང་དེ་བཞིན་ཚན་རིག་པས་སྔོན་འགོག་སྨན་ཁབ་བཟོ་སྐྲུན་དང་དེར་སྨན་བཅོས་བྱེད་ཕྱོགས་ཐད་རམ་འདེགས་ཆེན་པོ་བྱེད་ཐུབ་པ་རེད། དེ་བས་ན་ནིང་གི་ཕྱི་ཟླ་༥བར་རྒྱལ་ཁབ་བརྒྱ་ལྷག་གིས་གྲོས་ཚོད་ཅིག་ལ་མཚན་རྟགས་བཀོད་ནས་རང་རྐྱ་འཕེལ་བའི་ངང་ནད་ཡམས་ཐད་རྟོག་ཞིབ་བྱེད་པའི་གྲོས་ཆོད་བཞག་པར། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་དེའི་ཐད་རྟོག་ཞིབ་བྱེད་རྒྱུ་ཁས་ལེན་བྱས་ཡོད་མོད། ད་ལྟ་རྒྱ་ནག་གིས་ལས་དོན་ཐད་འགོག་རྐྱེན་བཟོ་བ་འདིར་བལྟས་ན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་རྒྱ་ནག་ནང་གི་རྟོག་ཞིབ་ཐད་ལམ་འགྲོ་ཡོང་མིན་དེ་ད་དུང་ཚོད་དཔག་བྱེད་ཁག་པོ་ཞིག་ཏུ་གྱུར་ཡོད།