ཨོ་རོམ་ཆིའི་མེ་སྐྱོན་དང་འབྲེལ་བའི་ཤོག་དཀར་གྱི་ལས་འགུལ་ལ་རྗེས་དྲན་ཞུས་པ།
ཕྱི་ཕྱོགས་ཀྱི་ལས་འགུལ་པ་མང་བོ་ཞིག་གིས་ལག་ཏུ་སྣུམ་སྒྲོན་བཟུང་དེ་དབྱིན་ཇིའི་རྒྱལ་ས་ལོན་ཌན་དུ་ཡོད་པའི་St Mary-At-Hillཆོས་ཁང་གི་མདུན་དུ། ཟླ་འདིའི་སྤྱི་ཚེས་༢༥ཉིན་ཤར་ཏུར་ཀི་སི་ཐན་ནམ་ཤིན་ཅང་ཨོ་རོམ་ཆིའི་མེ་སྐྱོན་དང་འབྲེལ་ནས་བྱུང་བའི་ཤོག་དཀར་གྱི་ལས་འགུལ་བྱུང་ནས་མི་ལོ་གཉིས་ཀྱི་ཉིན་མོར་རྗེས་དྲན་ཞུས་ཡོད་འདུག
སྤྱི་ལོ་༢༠༢༢ ཟླ་༡༡ ཚེས་༢༤ཉིན། རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་སྐབས་སུ་རང་ཁྱིམ་དུ་བཙན་གྱིས་བཀག་སྡོམ་བྱས་པའི་དབང་གིས་ཤར་ཏུར་ཀི་སི་ཐན་ནམ་ཤིན་ཅང་ཨོ་རོམ་ཆི་གྲོང་ཁྱེར་གྱི་ཐོག་ཁང་ཞིག་ལ་མེ་སྐྱོན་བྱུང་དེ་ཉུང་མཐར་ཡང་ཡུ་གུར་པ་༡༠ལྷག་རྐྱེན་འདས་སུ་སོང་ཡོད་པ་དང་། རྒྱ་ནག་གིས་གསང་རྒྱ་བྱས་པ་མ་གཏོགས་དོན་དངོས་སུ་དོན་རྐྱེན་དེའི་ཁྲོད་དུ་སྲོག་སྐྱོན་བྱུང་བའི་མི་གྲངས་དེ་ལས་མང་བའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག

དོན་རྐྱེན་དེ་དང་འབྲེལ་ནས་རྒྱ་ནག་གི་ས་ཁུལ་གང་སར་སློབ་མ་རྣམས་ཀྱིས་ལག་ཏུ་ཤོག་དཀར་བཟུང་བའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་བྱུང་ཡོད་སྟབས། ཐེངས་འདིར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྒྱ་ནག་དང་ཧོང་ཀོང་ནས་ཡོང་བའི་མི་གྲངས་སུམ་ཅུ་ཙམ་གྱིས། ལག་ཏུ་ཤོག་དཀར་བཟུང་ནས་ལས་འགུལ་དེར་རྗེས་དྲན་ཞུས་ཡོད་འདུག
དེ་བཞིན་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་ཀྱང་ཤོག་དཀར་གྱི་ལས་འགུལ་བྱུང་ནས་མི་ལོ་གཉིས་སམ་སྤྱི་ཟླ་༡༡ ཚེས༢༥ ཉིན་ཤོག་དཀར་གྱི་ལས་འགུལ་སྐབས་སུ་རྒྱ་ནག་གིས་དྲག་གནོན་དང་། འཛིན་བཟུང་བྱས་པའི་ལས་འགུལ་བ་དག་གློད་གྲོལ་གཏོང་དགོས་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་གདོང་ལེན་དང་རྒྱ་ནག་མི་དམངས་ཀྱི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་བཞིན། དྲང་བདེན་གྱི་ཁྲིམས་ཞིབ་རང་དབང་བཅས་ལ་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་བྱས་ཡོད་འདུག
གཞན་རྒྱ་ནག་གི་བསམ་ཚུལ་ཅན་གྱི་དྲྭ་རྒྱ་ཞེས་པ་དང་རྒྱ་ནག་གི་སྲིད་ཇུས་ལ་རྒྱལ་ཁབ་བརྒལ་བའི་གྲོས་མོལ་གྱི་མཐུན་ཚོགས་གཉིས་ཀྱི་བཀོད་སྒྲིག་འོག་ཏུ་དབྱིན་ཇིས་གྲོས་ཚོགས་ཀྱི་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག་ལ། ལས་འགུལ་དེར་དབྱིན་ཇིའི་རྒྱབ་སྐྱོར་མི་སྣའང་མཉམ་ཞུགས་ཀྱིས། གྲོས་གཞིའི་སྙན་ཞུ་ཕུལ་ནས་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གྱིས་དོན་དང་ལྡན་པའི་ལས་དོན་སྤེལ་ནས། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གི་གནས་སྟངས་མཚམས་འཇོག་དགོས་པའི་སྐོར་གྱི་སྐུལ་མ་བྱས་ཡོད་འདུག
གནས་ཚུལ་དེའི་སྐོར་ནས་ཨ་རིར་བཞུགས་པའི་རྒྱ་ནག་གི་གནས་ཚུལ་དཔྱད་བརྗོད་པ་གྲགས་ཅན་ཝང་དན་ལགས་ཀྱིས་དཔྱད་བརྗོད་སྤེལ་དོན། ཤོག་དཀར་ལས་འགུལ་ནི་དྲུག་བཞིའི་དོན་རྐྱེན་གྱི་རྗེས་སུ་ཆབ་སྲིད་ཀྱི་དོན་སྙིང་ལྡན་པའི་སློབ་མའི་ལས་འགུལ་ཞིག་ཡིན་ནའང་། ལས་འགུལ་གྱི་རྗེས་སུ་ལས་འགུལ་བ་མང་པོ་འཛིན་བཟུང་བྱས་པ་དང་། ཤིང་ཅང་གི་མི་རིགས་རྩ་མེད་བཟོ་བ་དང་། བོད་དང་གྲངས་ཉུང་མི་རིགས་གཞན་ལའང་དེ་དང་འདྲ་བའི་རྡུག་རྩུབས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེས། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཁབ་དེར་རྒྱལ་ཁབ་ཅིག་གི་མཚན་ཉིད་མི་ཚང་བར་གྱུར་ཡོད་པའི་སྐོར་གསུངས་ཡོད་འདུག
རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་འཛུགས། ཡོ་རོབ་མཐུན་ཚོགས་བཅས་ཀྱིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་བཏོན་ཡོད་འདུག་ལ། རེ་འདུན་གྱི་ནང་དུ། རྒྱ་ནག་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཤོག་དཀར་ལས་འགུལ་སྐབས་སུ་འཛིན་བཟུང་བྱས་པ་ཚང་མ་གློད་གྲོལ་གཏོང་དགོས་པ་དང་། ཁོང་རྣམ་པ་གང་དུ་ཡོད་པ་དང་ཁོང་རྣམ་པའི་གནས་སྟངས་སོགས་ཕྱི་གསལ་ནང་གསལ་བཟོ་དགོས་པ། བཙན་གནོན་རང་བཞིན་དང་གར་སོང་ཆ་མེད་དུ་གྱུར་བ་དང་། གང་འདོད་དུ་འཛིན་བཟུང་བྱས་པརརྟོག་དཔྱོད་བྱེད་པའི་ལས་བྱེད་རྩ་འཛུགས་དང་། གཞན་འབྲེལ་ཡོད་དམིགས་བསལ་གྱི་ལས་ཀ་བྱེད་མཁན་དག་གིས་ཞིབ་བཤེར་བྱེད་པར་བཀག་འགོག་དང་ཆོག་མཆན་མི་སྤྲད་པའི་གནས་ཚུལ་ཐག་གཅོད་དགོས་པ། འབྲེལ་ཡོད་དམངས་གཙོའི་རྒྱལ་ཁབ་ཀྱི་ཁྲིམས་བཟོ་སྒྲིག་འཛུགས་ཀྱིས་ཁྲིམས་བཟོའི་ལས་དོན་ལག་བསྟར་ཡོང་བར་སྐུལ་འདེད་ཀྱིས། རྒྱ་ནག་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་གཏོར་བརླག་ཚབས་ཆེན་གཏོང་མཁན་གྱི་མི་སྣ་དང་སྡེ་ཚན་མ་ལག་དང་ལྡན་པའི་སྒོ་ནས་ཉེས་ཆད་གཅད་དགོས་པ། འགྲོ་བ་མིའི་ཐོབ་ཐང་རྒྱུན་ལས་མཐུན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པ་ལྔ་བཅུ་ཡོད་པ་ཚང་མ་མཉམ་འཛོམས་ཀྱིས། རྒྱ་ནག་གནད་དོན་ཐད་ཀྱི་དམིགས་བསལ་ཚོགས་འདུའི་གྲོས་གཞི་ལྟར། བདེན་པ་གཞིར་བཞག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ལྟ་ཞིབ་ཚོགས་པས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྟོག་ཞིབ་དང་ཐག་གཅོད་བྱེད་པའི་ལས་དོན་གནང་དགོས་པའི་སྐོར་གྱི་སྐུལ་འདེད་བྱས་ཡོད་འདུག།
གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།