བོད་ཕྱི་ནང་གཉིས་སུ་དགའ་ལྡན་ལྔ་མཆོད་སྲུང་བརྩི་རྒྱ་ཆེར་གནང་འདུག
2017.12.12
བོད་མི་དང་ལྷག་དོན་གཞོན་སྐྱེས་ཚོ་འགྲོ་བ་མི་ཅིག་ཡིན་པའི་ངོས་ནས་གང་ཐུབ་བྱམས་བརྩེ་སྤེལ་དགོས་པ་༧གོང་ས་མཆོག་གིས་དགའ་ལྡན་ལྔ་མཆོད་ཉིན་བཀའ་བསྩལ་འདུག
འདི་ཟླའི་ཕྱི་ཚེས་༡༢་བོད་ཟླ་བཅུ་པའི་ཚེས་ ༢༥ ་སྟེ། འཇམ་མགོན་བླ་མ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་གི་དགོངས་རྫོགས་དུས་དྲན་ཡིན་ཞིང་། བོད་ཕྱི་ནང་གཉིས་སུ་རི་བོ་དགེ་ལུགས་པ་ཡོངས་ནས་མཆོད་འབུལ་སྨོན་ལམ་རྒྱ་ཆེར་བསྒྲུབ་བཞིན་ཡོད་པ་རེད། ལྷག་པར་དུ་དགའ་ལྡན་ལྔ་མཆོད་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་སེར་སྐྱ་མང་ཚོགས་ལ་སངས་རྒྱས་ཆོས་ཚོགས་མའི་སྒོ་ནས་བྱང་སེམས་ཀྱི་སྡོམ་པ་བོག་ཆོག་དང་ཟུང་སྔགས་ཁག་གི་ལྗགས་ལུང་སྩལ་གནང་མཛད་ཡོད་པ་རེད།
སྐབས་དེར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་ཚོགས་དང་ལྷག་པར་དུ། གཞོན་སྐྱེས་བོད་མི་ཚོས་བྱམས་བརྩེ་སྤེལ་ཐབས་བྱེད་དགོས་པ་དང་། ནང་ཆོས་ལ་སློབ་གཉེར་བྱེད་དགོས་གལ་ཆེ་བའི་སྐོར་བཀའ་སློབ་ཕེབས་འདུག་ལ། དམིགས་བསལ་བོད་མི་ཚོས་ལོ་ངོ་སྟོང་ཕྲག་ལྷག་བདག་གཅེས་སྲུང་སྐྱོབ་བྱེད་པའི་རྒྱ་གར་མཁས་པ་ཁག་གི་རིག་གཞུང་དེ་མུ་འཐུད་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་ཡང་བཀའ་གནང་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཆབ་སྲིད་ཀྱི་༧སྐུ་དབང་ཡོངས་སུ་རྩིས་སྤྲོད་གནང་ཟིན་ན་ཡང་། གང་ཉིད་ནས་བོད་མི་ས་ཡ་དྲུག་གི་བདེ་དོན་ཐད་མུ་མཐུད་ཐུགས་འཁུར་བཞེས་རྒྱུ་ཡིན་པ་བཀའ་གནང་འདུག་ལ། བོད་མི་ཚོས་ང་ཚོ་རང་གི་ལུང་པ་ནས་བྲལ་ནས་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་བཙན་དབང་གི་ཐོག་ནས་ང་ཚོའི་ཆོས་དང་རིག་གཞུང་གཏོར་བཤིག་གཏོང་མཁན་ཞིག་སླེབས་པའི་རྐྱེན་གྱིས་ཡིན་པ་ལས། དཔལ་འབྱོར་གྱི་སྐྱབས་བཅོལ་བ་ལྟ་བུ་མིན་པ་དྲན་གསོ་བྱ་དགོས་གལ་ཆེ་བའི་སྐོར་བཀའ་གནང་འདུག
ཡང་བོད་ནང་ལ་ཡང་རྗེ་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་རྒྱ་ཆེ་ཞུས་འདུག
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས་དང་། ངག་ཆོས།