འཛམ་གླིང་གཉིས་ཀྱི་སྲུབས་ཀར་འཁྱམས་པའི་རྣམ་ཤེས་ཟེར་བ་བོད་བསྒྱུར་གྱིས་བོད་ཀྱི་དཔེ་མཛོད་ཁང་དུ་དབུ་འབྱེད་གནང་ཡོད་པ།
འཛམ་གླིང་གཉིས་ཀྱི་སྲུབས་ཀར་འཁྱམས་པའི་རྣམ་ཤེས་སུ་འབོད་པའི་་(We Measure the Earth with Our Bodies) རྟོག་བཏགས་ཀྱི་སྒྲུང་རྩོམ་ཞིག་དབྱིན་ཇིའི་སྐད་ཡིག་ནང་། ཁཱ་ན་ཌ་རྒྱལ་ཁབ་ཏུ་གནས་བཞུགས་བོད་རིགས་ཚེ་རིང་གཡང་འཛོམས་བླ་མ་ལགས་ནས་བརྩམས་པར།ནུབ་ཕྱོགས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ཚོགས་སྡེ་དང་མཐོ་སློབ་ཁག་ཅིག་གཙོས་པའི་ཀློག་མཁན་མང་པོས་ཆེ་མཐོང་དང་། བྱ་དགའ་ཆེ་ཆུང་རིམ་པར་ཕུལ་ཏེ་དགའ་བསུ་ལེགས་པོ་ཐོབ་ཡོད་པས།བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གི་ནུབ་ཁང་བྱམས་པ་བསྟན་འཛིན་གྱིས་བོད་བསྒྱུར་གནང་བ་དེ། ཟླ་ ༡༡ ཚེས་ ༢༠ ཉིན་གྱི་ཕྱི་དྲོར་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་དབུ་འབྱེད་གནང་ཡོད་ཅིང་། ས་གནས་སུ་ཆེད་ཕེབས་གནང་བ་རྩོམ་པ་བོ་ཚེ་རིང་གཡང་འཛོམས་བླ་མ་ལགས་ནས།ཁོང་གི་བརྩམས་ཆོས་འདི་ཡུལ་ལུང་མང་པོ་ཞིག་གི་སྐད་ཡིག་ནང་བསྒྱུར་ཐུབ་པར་ཧ་ཅང་དགའ་སྤྲོ་བྱུང་སྟེ། གལ་ཆེ་ཤོས་བོད་ཡིག་ནང་བསྒྱུར་ཐུབ་པར་མཐོང་གི་ཡོད་པ་དང་།མོ་རང་གི་དམིགས་ཡུལ་ནི་བོད་མི་ཇི་ཙམ་མང་པོས་ཀློག་ཐུབ་ན་ཧ་ཅང་སྐྱིད་པོ་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
ཚེ་རིང་གཡང་འཛོམས་བླ་མ་ལགས་ཀྱི་སྒྲུང་རྩོམ་དེའི་ནང་འདས་པའི་མི་ལོ་ལྔ་བཅུ་རིང་བོད་ནས་བཙན་བྱོལ་དུ་ཡོང་སྟེ། བཙན་བྱོལ་ནང་མི་ཚེ་བསྐྱལ་བའི་བོད་མི་ཁྱིམ་ཚང་ཞིག་གི་མི་རབས་ཁ་ཤས་ཀྱི་གནས་ཚུལ་བྲིས་ཡོད་པ་དང་། ཁོང་གིས་“ཀློག་མཁན་ཚོ་ལས་བོད་མི་ཁ་ཤས་ཀྱི་སེམས་གཏིང་ལ་ཚོར་བ་ཤུགས་ཆེ་བྱུང་ཡོད་ནའང་། ནུབ་ཕྱོགས་པ་དང་རྒྱ་གར་བ་སོགས་མི་རིགས་གཞན་པ་མང་པོ་ཞིག་གིས་ད་བར་བོད་ཀྱི་སྐོར་ཧ་གོ་མ་མྱོང་བ་དང་།དེབ་འདི་མཐོང་ནས་ཐེངས་དང་པོ་ཧ་གོ་ལུགས་ཀྱང་བཤད་མཁན་བྱུང་བས་ང་རང་ཧང་སངས་དགོས་བྱུང་”ཞེས་འགྲེལ་བརྗོད་གནང་གི་འདུག
ཚེ་རིང་གཡང་འཛོམས་བླ་མ་ལགས་ཀྱི་སྒྲུང་རྩོམ་དེ་བོད་བསྒྱུར་ཟིན་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་དེར། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས། ཚེ་རིང་གཡང་འཛོམས་ཀྱི་བཀའ་མོལ་གནང་སྟངས་ཕར་བལྟས་ཚོད་ལ་སྣང་མེད་ལྟ་བུ་ཞིག་ཡོད་ནའང་། དགོངས་པ་བཞེས་སྟངས་ཧ་ཅང་གཏིང་ཟབ་མོ་ཡིན་པ་དང་དེབ་འདི་བོད་བསྒྱུར་བྱ་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང་སྟེ་བོད་བསྒྱུར་གྲུབ་པ་དང་། མོ་རང་གི་དགོངས་པ་བཞེས་སྟངས་གཏིང་ཟབ་ཡོད་པ་ནི། ཉེ་ཆར་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སྐབས་༧གོང་ས་མཆོག་གིས་སྐུ་ལས་ཇི་ཙམ་བསྐྱོན་པ་དང་། བོད་མི་ཚོས་སྡུག་པོ་མྱངས་པ་བཅས་མིག་ལམ་དུ་ཁྲ་ལམ་མེར་ཤར་ཡོང་གི་འདུག་ཅེས ཚོར་བ་མི་འདྲ་བ་ཞིག་བཤད་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་སོང་།
ཚེ་རིང་གཡང་འཛོམས་བླ་མ་ལགས་ཀྱི་སྒྲུང་རྩོམ་དེར་མི་སྣ་གཙོ་བོ་བཞི་བཞེངས་བསྐྲུན་གྱིས། བོད་མི་ཚོ་སྣང་བ་སྐྱིད་པོ་ཡོད་པའི་རྒྱབ་ཏུ་ཆག་སྒོ་དང་དཀའ་སྡུག་སྦས་ཡོད་པའི་ཚུལ་བྲིས་ཡོད་པ་ཕལ་མོ་ཆེ་ནི་སོ་སོའི་རྣམ་རྟོག་གི་འགྱུ་བའི་རྗེས་སུ་མྱུལ་ཏེ་བྲིས་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ཅིང་། ཚེ་རིང་གཡང་འཛོམས་བླ་མ་ལགས་ནི་བལ་བོ་རྒྱལ་ཁབ་ཀྱི་བོད་མི་སྐྱབས་བཅོལ་བའི་སྤྱི་ཚོགས་སུ་སྐྱེས་འཚར་དང་། རིམ་པས་བྱང་ཨ་མི་རི་ཀའི་ནང་གནས་སྤོས་འཚོ་བཞེས་གནང་གི་ཡོད་ལ། ཁོང་གི་སྒྲུང་རྩོམ་དེ་ Giller Prize རྩོམ་རིག་བྱ་དགའ་དང་། ཡང་ Carol Shields Prize for Fiction རྩོམ་རིག་བྱ་དགའ་སོགས་ཀྱི་འོས་གཞིའི་ཁོངས་སུ་བདམས་མྱོང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།