ཅོ་ནེ་བསེ་ཚང་ནས་འཐུང་ཆུ་ཁ་བསྒྱུར་ལ་ས་གནས་བོད་མི་ཚོས་ཞི་རྒོལ་བྱས་འདུག
2018.11.12
རྒྱ་ནག་གཞུང་གིས་མདོ་སྨད་མདོ་ལྷོ་ཅོ་ནེ་བསེ་ཚང་ས་གནས་སུ་འཐུང་ཆུ་ཁ་བསྒྱུར་གྱི་བཀའ་རྒྱ་བཏང་བར་ས་གནས་བོད་མི་ཚོས་ཞི་རྒོལ་བྱས་འདུག
དེ་ཡང་དེང་སང་རྒྱ་ནག་གིས་ཆ་བགོས་ལྟར་ན། ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་ཁོངས་སུ་གཏོགས་པ། མདོ་སྨད་ཅོ་ནེ་རྫོང་བསེ་ཚང་ཡུལ་ཚོའི་ནང་། ཕྱི་ཟླ་ ༡༡ ཚེས་༡༡ཉིན་མོར་རྒྱ་ནག་གཞུང་གི་མགོ་ཁྲིད་མང་པོ་ཅིག་ཡོང་སྟེ། ས་གནས་དེའི་རྒྱུག་ཆུ་ཁ་བསྒྱུར་གྱིས་ཧྲིན་གཙང་ཡུལ་ཚོ་དང་བ་ཙེ་རྫོང་དུ་འཐུང་ཆུར་འདྲེན་དགོས་བའི་བཀའ་རྒྱ་བསྒྲགས་པར་བརྟེན། ཕྱི་ཚེས་༡༡ནས་ས་གནས་མི་མང་ས་གནས་དེར་འཛོམས་ནས་འཐུང་ཆུ་ཁ་བསྒྱུར་གྱི་ལས་གཞིར་འདོད་པ་མེད་པའི་ཞི་རྒོལ་བྱས་ཅིང་། རྒྱ་ནག་གཞུང་གི་ས་གནས་ཉེན་རྟོག་པའི་རླངས་འཁོར་མང་པོ་འབྱོར་ཏེ། སྲིད་གཞུང་གི་བཀའ་ལ་མི་ཉན་ན་འཛིན་བཟུང་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་འདུག འོན་ཀྱང་ཡུལ་མི་འཛིན་བཟུང་བྱས་པའམ་ཁོང་ཚོར་གཅར་རྡུང་གི་གནས་ཚུལ་གོ་ཐོས་མེད་པ་མིང་བརྗོད་འདོད་མེད་མཁན་བོད་མི་ཞིག་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་བརྗོད་ཡོད་པ་རེད།
ཡང་ས་གནས་ཡུལ་མི་ཚོའི་རེ་འབོད་སེམས་ཀྱི་མིག་ཆུ་ཞེས་པའི་ཡེ་གེ་ཞིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་བཀྲམས་པའི་ནང་། ཉེ་ལམ་ཨ་འཁོར་ནས་ཡིན་པའི་ཧྲིན་གཙང་ཡུལ་ཚོའི་མགོ་འཁྲིད་ཅིག་གིས། ཡུལ་ཚོ་དང་རྫོང་སོགས་ཀྱི་འགོ་ཁྲིད་མང་པོ་ཞིག་ངེད་ཚོའི་སྡེ་བའི་ནང་ཁྲིད་ཡོང་སྟེ། ངེད་ཅག་གི་དྭངས་གཙང་ཆུ་མོ་དེ་ཧྲིན་གཙང་ཡུལ་ཚོ་དང་བ་ཙེ་རྫོང་ལ་འཐུང་ཆུར་འདྲེན་རྒྱུ་ཡིན་ཟེར་བ་དང་། ཁ་ལ་མི་ཉན་མཁན་ཡོད་ན་བཙོན་ལ་བཅུག་རྒྱུ་ཡིན་ཟེར་བ་བཀོད་འདུག་ཅིང་། ད་དུང་ཡི་གེ་དེའི་ནང་ཆུ་དེ་རྫོང་གཅིག་དང་ཡུལ་ཚོ་གཅིག་ལ་དྲང་ན་ངེད་ཚོའི་ཡུལ་མི་དང་ནོར་ལུག་ཚོས་ཅི་ཞིག་འཐུང་རྒྱུར་ཡུལ་ཚོའི་མགོ་འཁྲིད་ཚོས་སེམས་འཁུར་བྱས་ཨེ་མྱོང་། གང་ལྟར་རྒྱུ་མཚན་དང་རྒྱུ་རྐྱེན་ཅིའི་ཕྱིར་ང་ཚོའི་ཡུལ་གྱི་ཆུ་དེར་འདྲེན་དགོས་ཆགས་པ་ཡིན་མིན་འདྲི་བ་དྲིས་ཡོད་ལ། དེ་བཞིན་ལོ་ངོ་འདི་དག་གི་རིང་ལ་ཁྱེད་ཚོའི་རྫོང་དང་ཡུལ་ཚོའི་འཐུང་ཆུ་ཚར་སོང་ངམ། ང་ཚོར་ཅིའི་ཕྱིར་རང་ས་རང་ཡུལ་གྱི་ཆུ་ལ་བདག་དབང་མེད་སོང་བ་རེད། བྱ་བ་འདིའི་རྒྱབ་ན་ཡོད་ཚད་ཀྱིས་ཤེས་མི་རུང་བའི་གསང་བ་ཆེན་པོ་ཞིག་ཡོད་དམ་ཞེས་འཁོད་འདུག
ཡི་གེ་དེའི་མཇུག་ཏུ། ཏང་གི་འགོ་ཁྲིད་དང་བོད་རིགས་སྤུན་ཟླ་ཚོས་འདིའི་ཕྱོགས་ལ་གཟབ་གཟབ་གནང་དགོས་པ་དང་། གནས་ཚུལ་འདི་བརྒྱུད་སྐུར་མང་ཙམ་བྱས་ཏེ་བྱ་བ་འདིའི་རྒྱབ་ཀྱི་གསང་བ་ཕྱིར་འཕུད་རོགས་ཞེས་རེ་སྐུལ་ཡང་བྱས་ཡོད་པ་རེད།
གསར་འགོད་པ་བློ་བྷེ།