༄༅༎ཨ་རིའི་ལྦ་ཤིང་ཀྲོན་མངའ་སྡེའི་དང་སི་ཡ་ཊལ་གྲོང་ཁྱེར་གྱིས་ཕྱི་ལོ་ཉིས་སྟོང་དགུ་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་མོ་དེ་བཞིན་བོད་ཀྱི་ཉིན་མོར་གཏན་འབེབས་ཕྱིར་བསྒྲགས་གནང་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད།
ལྦ་ཤིང་ཀྲོན་མངའ་སྡེའི་སྤྱི་ཁྱབ་ཀི་རིསི་ཀྲིན་གེརེ་གོཨར་དང་སི་ཡ་ཊལ་གྲོང་ཁྱེར་སྤྱི་ཁྱབ་གེརེག་ནི་ཀལ་སི་རྣམ་གཉིས་ཀྱིས་མངའ་ཁུལ་དེའི་ནང་གནས་པའི་བོད་མིའི་ཚོགས་སྡེ་ཁག་གིས་ཨ་རིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་འཛུགས་སྐྲུན་རིག་གཞུང་སོགས་ཀྱི་ཐོག་ལེགས་སྐྱེས་ཕུལ་གྱི་ཡོད་པ་དང་ཆབས་ཅིག་མངའ་ཁུལ་དེའི་གཞུང་འཛིན་སྲིད་ཇུས་ནང་རིག་གཞུང་དང་ཆོས་ལུགས་འདྲ་མིན་ལ་སྲུང་སྐྱོབ་དང་གུས་ཞབས་ཞུ་གི་ཡོད་པའི་སྲོལ་རྒྱུན་གྱི་ལམ་སྲོལ་ཐོག་ནས་ཀྱང་གསུམ་པའི་ཚེས་བཅུ་ཉིན་མོ་དེ་ནི་བོད་མི་ཚོར་རང་ཡུལ་ཤོར་ནས་བཙན་བྱོལ་དུ་ཡོང་དགོས་པའི་དུས་ཚིག་དམིགས་གསལ་ཞིག་ཡིན་པར་བརྟེན་ནས་མངའ་སྡེའི་གཞུང་དང་གྲོང་ཁྱེར་གཞུང་གཉིས་ཀྱིས་གྲོས་མོལ་བྱས་པ་བརྒྱུད་ཕྱི་ལོ་ཉིས་སྟོང་དགུ་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་མོ་དེ་བཞིན་བོད་ཀྱི་ཉིན་མོ་ཞེས་པར་གཏན་འབེབས་ཕྱིར་བསྒྲགས་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད། ལྦ་ཤིང་ཀྲོན་མངའ་སྡེའི་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲིས་རྣམ་རྒྱལ་ལགས་ཀྱིས་གསུངས་ན་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་མོ་དེར་ས་གནས་དེའི་ནང་གི་བོད་མི་ཚོ་ཁེ་ན་ཌའི་ལྦེན་ཁུ་ལྦར་མངའ་ཁུལ་དུ་ཕེབས་ནས་ས་གནས་དེའི་ནང་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོ་དང་མཉམ་དུ་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ནང་མཉམ་བཞུགས་གནང་རྒྱུ་ཡིན་པ་དང་ཆབས་ཅིག་ལྦ་ཤིང་ཀྲོན་མངའ་སྡེའི་ཁུལ་གྱི་བོད་མིའི་ཚོགས་སྡེ་ཁག་གིས་ཨ་རིའི་སྲིད་འཛིན་སྦ་རག་ཨོ་སྦ་མ་ཡིས་བོད་དོན་ཐོག་ཐུགས་འཁུར་གནང་ཤུགས་ཆེ་རུ་གཏང་གནང་དགོས་རྒྱུའི་ཛ་དྲག་གི་འབོད་སྐུལ་ཡང་ཞུས་ཡོད་པ་རེད༎