ཝང་ཅུན་ཀྲེང་བལ་ཡུལ་དུ་ཕྱིན་པ་དེས་བལ་ཡུལ་ནང་བོད་དོན་ལས་འགུལ་སྤེལ་རྒྱུར་དམ་དྲགས་ཇེ་ཆེར་འགྲོ་ཉེན་ཡོད་པ་ཉམས་ཞིབ་པས་བརྗོད་བྱུང་།

2023.11.09
ཝང་ཅུན་ཀྲེང་བལ་ཡུལ་དུ་ཕྱིན་པ་དེས་བལ་ཡུལ་ནང་བོད་དོན་ལས་འགུལ་སྤེལ་རྒྱུར་དམ་དྲགས་ཇེ་ཆེར་འགྲོ་ཉེན་ཡོད་པ་ཉམས་ཞིབ་པས་བརྗོད་བྱུང་། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲེང་གི་པར་རིས།
Reuters

ཨ་རིས་ཉེས་ཆད་བཅད་པའི་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲེང་(Wang Junzheng)ཕྱི་ཟླ་ ༡༡ ཚེས་ ༨ ཉིན་བོད་དང་ས་འབྲེལ་ཆགས་པའི་བལ་ཡུལ་དུ་ཕེབས་འབྱོར་ཟིན་ཡོད་པ་དང། འདི་ཚེས་ ༩ རེས་གཟའ་ཕུར་བུ་ཉིན་གྱི་སྔ་དྲོ་བལ་ཡུལ་གྱི་སྲིད་བློན་སྐུ་ཞབས་Pushpa Kamal Dahalལགས་དང་ཐུགས་འཕྲད་གནང་སྟེ། བོད་དང་བལ་ཡུལ་དབར་གྱི་ཚོང་འབྲེལ་དང་། ཡུལ་སྐོར་སྤྲོ་འཆམ། རྒྱ་ནག་གི་བལ་ཡུལ་ལ་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་སོགས་ཀྱི་ཐོག་གོ་བསྡུར་བྱས་པ་མ་ཟད། ཕྱོགས་གཉིས་ཀྱི་དབར་འབྲེལ་ལམ་དམ་ཟབ་ཏུ་གཏང་རྒྱུ་སོགས་ཀྱི་སྐོར་གོ་བསྡུར་བྱས་ཡོད་ཚུལ་བརྗོད་འདུག

དེའི་ཐད་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ORFཉམས་ཞིབ་ལྟེ་གནས་ཁང་གི་བལ་ཡུལ་ཚུད་པའི་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་འབྲེལ་ལམ་ཐོག་ཉམས་ཞིབ་པ་Shivam Shekhawatལགས་ཀྱིས། ཝང་ཅུན་ཀྲེང་བལ་ཡུལ་དུ་སླེབས་པ་དེ་ནི་ཕྱོགས་གཉིས་འབྲེལ་ལམ་བཟང་དུ་གཏང་རྒྱུ་དམིགས་ཡོད་པ་བརྗོད་ཀྱི་ཡོད་ནའང་། དེ་ནི་གཙོ་བོ་རྒྱ་ནག་གི་ཁེ་ཕན་དམིགས་པ་ཞིག་ཡིན་ཞིང་། ཇི་ཙམ་གྱི་བལ་ཡུལ་ཕྱོགས་ནས་རྒྱ་ནག་ལ་འབྲེལ་ལམ་བཙུགས་པ་དེས། བལ་ཡུལ་གྱིས་རྒྱལ་ནག་ལ་མ་བསྟུན་ཐབས་མེད་དུ་གྱུར་ངེས་ཡིན་པ་མ་ཟད། བལ་ཡུལ་གྱིས་རྒྱ་ནག་གཅིག་སྲིད་བྱུས་ལ་བརྩི་འཇོག་དང་རྒྱབ་སྐྱོར་གྱི་རྣམ་པ་ཇི་ཆེར་ཕྱིན་ཏེ། མ་འོངས་པར་བལ་ཡུལ་ནང་དུ་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་རྒྱུར་དམ་དྲགས་ཇེ་ཆེར་འགྲོ་ཉེས་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་བརྗོད་གནང་བྱུང་།

ཝང་ཅུན་ཀྲེང་ནི་དེ་སྔ་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་མགོ་གཙོ་གཞོན་པ་ཡིན་པའི་སྐབས་ཡུ་གུར་མི་རིགས་ལ་དྲག་གནོན་ཚབ་ཆེན་བྱས་པའི་རྐྱེན་གྱིས་ཨ་རིས་ཁོང་ལ་ཉེས་ཆད་བཅད་ཡོད་ཀྱང་། ཕྱི་ལོ་ ༢༠༢༡ ལོའི་ལོ་མཇུག་ཏུ་རྒྱ་ནག་གཞུང་གིས་ཁོང་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་ཡོད།  ད་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་ཇེ་ཞན་ཇེ་སྡུག་ཏུ་འགྲོ་མུས་ཡིན་པ་མ་ཟད། ཨ་རིའི་རང་དབང་ཁང་པས་ཕྱི་ལོ་ ༢༠༢༣ ལོའི་འཛམ་གླིང་ནང་གི་རང་དབང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན་པའི་ནང་། བོད་འདི་རང་དབང་མེད་པའི་ཡུལ་ལུང་ཆེས་སྡུག་ཤོས་གྲས་སུ་མིང་འདོན་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་གཞུང་གིས་བོད་མི་མང་པོ་ཞིག་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་བའི་གནས་ཚུལ་བྱུང་ཡོད་ལ། ད་སྐབས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཉིན་མོ་ཙམ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་ཐད་དམ་དྲགས་བྱེད་མུས་ཡིན་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཡང་ཡུལ་དེའི་ནང་ཕེབས་རྒྱུར་བཀག་འགོག་བྱེད་མུས་ཡིན་པ་རེད།

ཡང་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་ཉམས་ཞིབ་ལྟེ་གནས་ཁང་(Centre For China Analysis and Strategy)གི་ཉམས་ཞིབ་པ་འབུམ་རམས་པ་ཨ་ཕ་ལྷ་མོ་ལགས་ཀྱིས། བལ་ཡུལ་ནི་རྒྱ་ནག་ལ་ས་ཁམས་ཆབ་སྲིད་ཀྱི་ཐོག་ནས་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་པ་མ་ཟད། ལྷོ་ཨེ་ཤེ་ཡའི་ས་ཁུལ་དུ་བལ་ཡུལ་ནི་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པས། རྒྱུན་དུ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་བལ་ཡུལ་དུ་བཏང་བ་དེ་ནི་ཨ་རི་གཙོས་པའི་རྒྱལ་ཁབ་གཞན་གྱི་ཡུལ་དེའི་ནང་ཤུགས་རྐྱེན་འགོག་ཐབས་ཀྱི་ཐབས་བྱུས་ཤིག་ཀྱང་ཡིན་པ་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་ལྷ་ས་ནས་བལ་ཡུལ་བར་མེ་འཁོར་ལྕགས་ལམ་བཟོ་སྐྲུན་བྱེད་མུས་ཡིན་པ་དེ་ཕྱི་ལོ་ ༢༠༢༤ ལོར་ཤར་གཏོང་བྱ་རྒྱུ་ཡིན་པ་རྒྱ་ནག་གཞུང་གིས་བརྗོད་ཟིན་ཡོད་པ་དང་། ད་དུང་ལས་གཞི་དེའི་འོག་བོད་དང་བལ་ཡུལ་བར་རླངས་འཁོར་གཞུང་ལམ་དང་། གནམ་ཐང་། ཆུ་མཛོད་སོགས་གསར་རྒྱག་བྱེད་མུས་ཡིན་པ་དེ་དག་ལམ་ལྷོང་ཡོང་བར་བལ་ཡུལ་ལྷན་དུ་དམིགས་བསམ་འབྲེལ་བ་དགོས་རྒྱུ་ནི་གལ་འགངས་ཆེན་པ་ཆགས་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎