ཝང་ཅུན་ཀྲེང་གིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཞེས་ལྷ་ལྡན་གཙུག་ལག་ཁང་དུ་བཤད་པ་ནི།བོད་ཀྱི་ལོ་རྒྱུས་རྫུན་བཟོ་དང་འཁྱོག་བཤད་ཡིན་པ།འབུམ་རམས་པ་རྒྱལ་ལོ་ལགས་ནས་གསུངས་ཀྱི་འདུག

ཉེ་ལམ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲེང་གིས་ལྷ་སའི་གཙུག་ལག་ཁང་ལ་ལྟ་སྐོར་དང་འབྲེལ། ལྷ་སའི་གཙུག་ལག་ཁང་གི་དགེ་འདུན་པ་ཚོས་རྒྱ་ནག་གཞུང་གིས་ལམ་སྟོན་བྱས་པའི་འདུ་ཤེས་གསུམ་ཟེར་བར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ལྷ་ལྡན་གཙུག་ལག་ཁང་གི་རིག་དངོས་ཤུལ་བཞག་རྣམས་ཀྱིས་ལོ་རྒྱུས་ཀྱི་ཐོག་ནས་མི་རིགས་ཁག་མཉམ་འདྲེས་བརྗེ་རེས་ཡུན་རིང་བྱས་པའི་དཔང་རྟགས་མཚོན་གྱི་ཡོད་པས་རིག་དངོས་དེ་ཚོ་ཧ་ཅང་གལ་ཆེན་ཆགས་ཡོད་པ་མ་ཟད། རིག་དངོས་དེ་གྲས་བརྟན་པོར་སྲུང་སྐྱོབ་དང་བཀོལ་སྤྱོད་འགྲེམས་སྟོན་གྱིས། ལོ་རྒྱུས་ཀྱི་ཆ་ནས་བོད་ནི་གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཆ་ཤས་ཡིན་པའི་དངོས་དོན་དྲིལ་བསྒྲགས་རྒྱ་ཁྱབ་ཏུ་བྱེད་དགོས་ལུགས་སོགས་ནན་བཤད་བྱས་ཡོད་པར་བརྟེན། བོད་གནས་ཉམས་ཞིབ་པ་འབུམ་རམས་པ་རྒྱལ་ལོ་ལགས་ནས། དེ་ནི་སྔ་ལོ་ནས་བཟུང་བའི་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་རྒྱ་བསྒྱུར་ཐབས་ལམ་གྱི་སྲིད་ཇུས་ཤིག་འགོ་བཙུགས་ཡོད་པ་དེ་ཡིན་པ་དང་། འདུ་ཤེས་གསུམ་ཟེར་བའི་དྲིལ་སྲིད་ཇུས་དེ་ནི་བོད་ཀྱི་ལོ་རྒྱུས་རྫུན་བཟོ་དང་། བོད་མིའི་ཐོག་རྩ་བ་ནས་འོས་འཚམས་མེད་པའི་དྲིལ་བསྒྲགས་རྫུན་མ་རྒྱ་བསྐྱེད་བཏང་བ་ཙམ་ཞིག་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲང་གིས་ད་དུང་བོད་མིའི་ཐོག་བཙན་ཤེད་ཀྱིས་སྤེལ་བཞིན་པའི་འདུ་ཤེས་གསུམ་ཟེར་བའི་དྲིལ་བསྒྲགས་རྒྱ་བསྐྱེད་ཀྱིས། རྒྱ་ནག་གཞུང་གི་སྐབས་བསྟུན་གྱི་སྲིད་ཇུས་སློབ་གསོ་སྤེལ་བ་དང་ལག་ལེན་བསྟར་དགོས་པ། ལྷག་པར་དུ་ལྗོངས་རྒྱུ་ལྟ་སྐོར་བ་ཚོར་རིག་དངོས་ཤུལ་བཞག་དེ་གྲས་ཀྱི་ཐོག་ནས་བོད་ནང་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ཡུན་རིང་ཡོད་པ་མཚོན་པ་དང་།མི་རིགས་ཁག་འདྲ་མིན་ལ་ལམ་སྟོན་གྱིས་རྒྱ་ནག་གཅིག་གི་འདུ་ཤེས་ཚོར་དུ་བཅུག་དགོས་པ་བཤད་ཡོད་པའི་མུར། ཟླ་༡༡པའི་ནང་དུའང་ཁོ་པ་བོད་རང་སྐྱོང་ལྗོངས་ཀྱི་གཞིས་ཀ་རྩེ་གྲོང་ཁྱེར་དུ་བསྐྱོད་དེ། འདུ་ཤེས་གསུམ་གྱི་སློབ་གསོ་རྒྱ་ཆེར་སྤེལ་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་བསྒྱུར་བར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་།བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་པོ་བཟོ་དགོས་པ། རྒྱ་ནག་གཞུང་གི་ཁྲིམས་གཞིར་བཟུང་བོད་ཀྱི་ཆོས་ལུགས་ལས་དོན་ལ་དོ་དམ་སྟངས་འཛིན་བྱེད་པར་ཤུགས་སྣོན་བརྒྱབ་དགོས་པ་སོགས་ཤུགས་ཆེར་བཤད་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལའང་ཐུག་འཕྲད་བྱས་ཡོད་ཅིང་། ཉེ་ལམ་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་སྤྱི་དང་ཁྱད་པར་དུ་བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་ཁག་ཏུ་“རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས།ཁྲིམས་སྐྱོང་གི་འདུ་ཤེས་”སུ་འབོད་པའི་འདུ་ཤེས་གསུམ་གྱི་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེ་སྤེལ་བའི་བརྒྱུད་རིམ་ནང་། བོད་ཀྱི་དགོན་སྡེ་ཁག་རྒྱ་ནག་ཅན་དུ་བསྒྱུར་བ་དང་། དགེ་འདུན་པ་ཚོས་རྒྱ་ནག་གི་མི་སེར་ཡིན་པའི་འགན་ཁུར་ཏེ་རྒྱ་ནག་གཞུང་གི་ཁྲིམས་སྒྲིག་དང་སྲིད་ཇུས་ཅི་རིགས་ལག་བསྟར་བྱས་པ་རྣམས་དང་ལེན་བྱེད་རྐྱང་བྱེད་དགོས་པ་སོགས། བོད་ཀྱི་དགོན་སྡེ་ཁག་ནང་དྲིལ་བསྒྲགས་རྒྱུན་ཆད་མེད་པར་སྤེལ་བཞིན་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།