རྒྱ་ནག་རྒྱལ་ཡོངས་མི་མང་སྲིད་གྲོས་ཀྱི་འགོ་གཙོ་ཝང་ཧུ་ནིང་བོད་ནང་དུ་ཡོང་སྟེ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཁག་གི་ཡང་སྲིད་ངོས་འཛིན་གྱི་འགྲེམས་སྟོན་ལ་ལྟ་སྐོར་བྱས་འདུག

ཟླ་ ༡༢ ཚེས་ ༢༣ ཉིན། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་མི་མང་སྲིད་གྲོས་ཀྱི་མགོ་གཙོ་ཝང་ཧུ་ནིང་(Wang Huning)གཙོས། དབུས་ཆབ་སྲིད་ལྷན་ཚོགས་ཟེར་བའི་རྒྱུན་ལས་ཚོགས་མི་ཁག་ཅིག་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཟེར་བར་སོང་ནས་ལྟ་སྐོར་དང་ཞིབ་འཇུག་བྱས་ཐོག བོད་ནང་བརྟན་བརླིང་དང་ཡུན་རིང་བདེ་འཇགས་ཡོང་ཆེད་འབད་བརྩོན་དང་ཉམས་ཞིབ་གཏིང་ཟབ་དགོས་སྐོར་སོགས་བརྗོད་ཡོད་པ་མ་ཟད། སྤྱི་ཚོགས་ཚན་རིག་ཁང་ཟེར་བ་དེས་གོ་སྒྲིག་འོག་བོད་ཀྱི་བླ་སྤྲུལ་ཁག་གི་ཡང་སྤྲུལ་ངོས་འཛིན་རྒྱ་ནག་ལ་ཡོད་པའི་དྲིལ་བསྒྲགས་འགྲེམས་སྟོན་ལ་ལྟ་སྐོར་སོགས་བྱས་ཡོད་ན་ཡང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། ཐེངས་འདིར་རྒྱ་ནག་གི་འགོ་ཁྲིད་ཝང་ཧུ་ནིང་བོད་ནང་ལྟ་སྐོར་དང་། བོད་ཀྱི་བླ་སྤྲུལ་ཁག་གི་ཡང་སྤྲུལ་ངོས་འཛིན་འགྲེམས་སྟོན་ཁག་ལ་རྟོག་ཞིབ་དང་བྱས་པ་དེས། མ་འོངས་པར་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གཙོས་བླ་སྤྲུལ་ཁག་གི་ཡང་སྲིད་ངོས་འཛིན་རྒྱ་ནག་ལ་ཡོད་པའི་བརྡ་སྟོན་ཐབས་ཙམ་ཡིན་ན་ཡང་། རྒྱ་ནག་གི་བྱེད་སྟངས་དེ་རིགས་ནི་ཧམ་པ་ཁོ་ན་ཞིག་ཆགས་ཀྱི་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ་ཐེངས་འདིར་ཝང་ཧུ་ནིང་གཙོས་ཚོགས་མི་ཚོས་བོད་ནང་གཟིགས་སྐོར་དང་འབྲེལ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་བོད་ཀྱི་བླ་སྤྲུལ་ཁག་གི་ཡང་སྲིད་ངོས་འཛིན་གྱི་འགྲེམས་སྟོན་ལ་གཟིགས་སྐོར་དང་། སྤྱི་ཚོགས་ཚན་རིག་ཁང་གི་ལས་བྱེད་དང་མཉམ་དུ་གོ་བསྡུར་དང་འབྲེལ། མ་འོངས་པར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་བོད་རིག་པའི་དཀའ་གནད་ཕྱོགས་ལ་ཞིབ་འཇུག་གཏིང་ཟབ་དང་། ཡང་དག་པའི་ཕྱོགས་སུ་ཁྲིད་དེ་རིགས་པའི་གཞུང་ལུགས་དང་ལག་ལེན་མཉམ་འབྲེལ་སྒོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་རིགས་པའི་གཞུང་ལུགས་མ་ལག་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་། བོད་ནང་ཡུན་རིང་བརྟན་བརླིང་ཡོང་བ་བྱས་ཏེ་བོད་ཀྱི་དུས་རབས་གསར་བའི་ལེའུ་མགོ་ཚུགས་དགོས་པ་སོགས་བརྗོད་ཡོད་སྐོར་བཀོད་འདུག་ན་ཡང་། གནད་དོན་དེའི་ཐད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Observer Research Foundation) ཉམས་ཞིབ་ལྟེ་གནས་ཁང་གི་རྒྱ་ནག་གི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་སྐུ་ཞབས་ (Kalpit Mankikar) ལགས་ནས། རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཁག་གི་ཡང་སྲིད་ངོས་འཛིན་གྱི་སྲོལ་རྒྱུན་ཐོབ་ཐང་རྒྱ་ནག་ལ་ཡོད་སྐོར་བཙན་ཐབས་ཀྱིས་བཤད་བཞིན་པ་དེ། གནད་དོན་གཙོ་བོ་རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཐག་གཅོད་རྒྱ་ནག་གིས་བྱ་དགོས་སྐོར་སྒྲུབ་བཞིན་པ་ལས་གཞན་གང་ཡང་མིན་སྐོར་བརྗོད་བྱུང་།

སྤྱིར་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་གནད་དོན་ཐོག་ཐེ་བྱུས་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་པ་མ་ཟད། བོད་ནང་གི་དགོན་སྡེ་ཁག་ཏུ་མ་འོངས་པར་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་རྒྱ་ནག་གཞུང་གི་ཐག་གཅོད་ལ་གུས་བརྩི་དགོས་པ་ཚོགས་འདུ་འདྲ་མིན་སྟེང་བཤད་བཞིན་ཡོད་པ་རེད་ལ། འདི་ལོའི་ཟླ་ ༤ ནང་རྒྱ་ནག་གཞུང་གིས་ཀན་སུའུ་ཞིང་ཆེན་གྱི་བོད་ཀྱི་དགོན་སྡེ་ཁག་ཏུ། ཏཱ་ལའི་བླ་མ་སྐུ་གཤེགས་ན་ཁྲིམས་མཐུན་མིན་པའི་ཆོས་ལུགས་ཀྱི་བྱེད་སྒོ་རྩ་ནས་སྤེལ་མི་ཆོག་པ་མ་ཟད། ཏཱ་ལའི་ཡང་སྤྲུལ་ངོས་འཛིན་བྱེད་པར་ཁ་གཡར་ནས་གསེར་བུམ་བཀྲུགས་པའི་ལམ་ལུགས་ལ་གནོད་པ་བྱེད་མི་ཆོག་པ་སོགས་ཀྱི་སློབ་སྦྱོང་ལག་དེབ་འགྲེམས་སྤེལ་བྱས་ཡོད་པ་རེད་ལ། ཧོང་ཀོང་དུ་བརྟེན་གཞི་བྱས་པའི་རྒྱ་ནག་ལྷོ་ཕྱོགས་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ནང་། ཝང་ཧུ་ནིང་དང་ཚོགས་མི་ཚོས་བོད་ནང་དུ་ལྟ་སྐོར་དང་འབྲེལ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་འགྲེམས་སྟོན་ཁང་ཟེར་བས། འགྲེམས་སྟོན་དེས་གཙོ་བོ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གཙོས་བོད་ཀྱི་བླ་སྤྲུལ་ཁག་གི་ཡང་སྲིད་ངོས་འཛིན་སྔར་ནས་བཟུང་རྒྱ་ནག་གཞུང་གིས་ཐག་གཅོད་དང་དབང་ཆ་ཡོད་སྐོར་དང་། བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་དང་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་སྐོར་སོགས་འགྲེམས་སྟོན་བྱས་ཡོད་སྐོར་བརྗོད་ཡོད་འདུག
རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ལ་ཐེ་བྱུས་བྱེད་བཞིན་པའི་ཐད། དེ་སྔ་ནས་ཨ་རི་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་ལེན་མེད་པའི་རྒོལ་ལན་དང་། ཁྲིམས་འཆར་སོགས་གཏན་འབེབས་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༩ ལོར་བཞུགས་སྒར་རྡ་རམ་སར་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དེ་བོད་བརྒྱུད་ནང་བསྟན་ས་དགེ་བཀའ་རྙིང་ཇོ་ནང་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་དང་སྐུ་ཚབ་རྣམ་པ་དབུ་བཞུགས་ཐོག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐག་གཅོད་གནང་རྒྱུའི་དབང་ཆ་ཡོངས་རྫོགས་༧གོང་ས་མཆོག་༧སྐུ་ཉིད་ལ་ཡོད་པ་ལས་གཞན་སྲིད་གཞུང་སོགས་སུ་ལའང་མེད་ཞེས་གྲོས་ཆོད་བཞག་ཡོད་པ་རེད་ལ། དེ་བཞིན་ཕྱི་ལོ་ ༢༠༡༡ ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་པར་ངོས་ཀྱི་སྐུའི་ཡང་སྲིད་སྐོར་ལ། ངོས་རང་དགུང་གྲངས་ ༩༠ སོན་པ་དང་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ། ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང༌། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།