༄༅༎རིང་མིན་ཕྱི་ཟླ་༡༢པའི་ཚེས་༡༠་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཐེ་དབན་གྱི་རྒྱལ་ས་ཐའེ་ཕེ་ནང་བོད་དང་ ཐེ་དབན་ འཛམ་གླིང་ཞི་བདེ་ འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཆེད་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་གནང་རྒྱུ་ཡིན་པ་རེད་འདུག
དེ་ཡང་ཁ་ས་ས་གནས་ཐེ་ལྦན་ནང་གཞུང་འབྲེལ་མིན་པའི་བོད་ཀྱི་ཚོགས་པ་ཞིག་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པའི་ནང་རིང་མིན་ཕྱི་ཟླ་༡༢པའི་ཚེས་༡༠འམ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་བོད་དང་ ཐེ་དབན་ འཛམ་གླིང་ཞི་བདེ་ འགྲོ་བ་མིའི་ཐོབ་ཐང་བཅས་རྒྱལ་སྤྱིའི་ནང་དྲིལ་བསྒྲགས་གནང་རྒྱུའི་ཆེད་ཐེ་དབན་གྱི་རྒྱལ་ས་ཐའེ་ཕེ་གཙོ་བོར་འགྱུར་བའི་ཐེ་དབན་གྱི་རྫོང་ཁག་བཅུ་ཙམ་ནང་མ་ཡིལ་༢༥༠ཙམ་ལྡན་པའི་ས་ཐག་ཐོག་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད་ ཡང་ལས་འགུལ་གོ་སྒྲིག་གནང་མཁན་འཇིག་མེད་ནོར་བུ་ལགས་ཀྱིས་མུ་མཐུད་གསུངས་ན་ ད་རེས་ཐེ་དབན་གྱི་རྒྱལ་ས་ཐའེ་ཕེ་ནང་སྤེལ་རྒྱུའི་གོམ་བགྲོད་ཀྱི་ལས་འགུལ་དེའི་ཐོག་མང་པོས་རྒྱབ་བསྐྱོར་ཡོང་རྒྱུར་ང་རང་སྒེར་གྱི་ངོས་ནས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་་གསར་འགོད་གསལ་བསྒྲགས་དེའི་ནང་བཀོད་ཡོད་པ་རེད་ ལས་འགུལ་གོ་སྒྲིག་གནང་མཁན་འཇིག་མེད་ནོར་བུ་ལགས་དང་བསྟན་འཛིན་འཇམ་དབྱངས་ལགས་རྣམ་གཉིས་ཨ་མི་རི་ཀའི་གྲོང་ཁྱེར་ཤི་ཁ་གོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟུར་པ་ཡིན་པ་དང་ ཁོང་རྣམ་གཉིས་ཀར་བོད་དོན་གྱི་ལས་འགུལ་ནང་ཐེངས་མང་མཉམ་ཞུགས་གནང་མྱོང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག