༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་དང་བསྟུན་འཛམ་གླིང་ཡུལ་གྲུ་གང་ས་ནས་འཚམས་འདྲིའི་ཤིས་ཚིག་ཕུལ་བ་རྣམས་ཕྱོགས་བསྒྲིགས་ཀྱིས།༧མགོན་པོ་གང་ཉིད་ལ་འབུལ་ལམ་ཞུ་བའི་ལས་འགུལ་སྤེལ་རྒྱུའི་གསལ་བསྒྲགས།

2025.02.08
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་དང་བསྟུན་འཛམ་གླིང་ཡུལ་གྲུ་གང་ས་ནས་འཚམས་འདྲིའི་ཤིས་ཚིག་ཕུལ་བ་རྣམས་ཕྱོགས་བསྒྲིགས་ཀྱིས།༧མགོན་པོ་གང་ཉིད་ལ་འབུལ་ལམ་ཞུ་བའི་ལས་འགུལ་སྤེལ་རྒྱུའི་གསལ་བསྒྲགས། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནས་གསར་འགོད་གསལ་བསྒྲགས་སྐབས། ༢༠༢༥།༠༢།༠༨ ཉིན།
RFA/ Tenzin Lekmon

རིང་མིན་ཟླ་ ༧ པའི་ཚེས་ ༦ ཉིན་བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་དང་བསྟུན་ཏེ། དམིགས་བསལ་༸སྐུའི་འཁྲུངས་ལྷ་དབྱར་གསོལ་ཉིན་མོར་དང་བླངས་བོད་དོན་ཞུ་གཏུག་གི་ལས་འགུལ་རུ་ཁག་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་མཐོང་ལྡན་པའི་རྒྱལ་སྤྱིའི་བཀའ་དྲིན་རྗེས་དྲན་གྱི་ལས་འགུལ་ཞིག་སྤེལ་གཏན་ཁེལ་ཡོད་པ་ནི། འཛམ་གླིང་ཁྱོན་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་སླད་དུ། འཛམ་གླིང་ཡུལ་གྲུ་གང་ས་ནས་མགོན་པོ་གང་ཉིད་ལ་འཚམས་འདྲིའི་ཤིས་ཚིག་ཕུལ་བ་རྣམས་ཕྱོགས་བསྒྲིགས་གནང་སྟེ་མགོན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་ཕྱག་རྟགས་སུ་འབུལ་ལམ་སྤྱན་བསྟར་ཞུ་འཆར་ཡོད་པ། བཞུགས་སྒར་དུ་ཟླ་ ༢ པའི་ཚེས་ ༨ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སྐབས།བོད་དོན་དང་བླངས་ཞུ་གཏུག་གི་རྡ་རམ་ས་ལའི་ཡན་ལག་གི་ཀུན་བཟང་བསྟན་འཛིན་ལགས་ནས་འགྲེལ་བརྗོད་གནང་གི་འདུགDSC02425.JPG

རྡ་རམ་ས་ལའི་བོད་དོན་དང་བླངས་ཞུ་གཏུག་ཡན་ལག་གི་ལས་བྱེད་བསྟན་འཛིན་བདེ་ལྡན་ལགས་ནས་ཀྱང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་མཐོན་པོར་ཕེབས་པ་དང་མཚུངས་སུ་ང་ཚོའི་ངོས་ནས་བཀའ་དྲིན་རྗེས་དྲན་གྱི་ལམ་ཁ་ཡག་ཤོས་ནི། ད་ལྟའི་འགོ་བཙུགས་པའི་ལས་འགུལ་འདི་ལས་འགུལ་ཆུང་ཆུང་ཞིག་ཡིན་ནའང་།གཙོ་བོ་ཉིན་རེའི་འཚོ་བའི་ནང་བྱམས་བརྩེ་ཉམས་ལེན་དང་མགོན་གང་གི་བཀའ་སྒྲུབ་ཐུབ་པའི་འབད་བརྩོན་གནང་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་། མགོན་པོ་གང་ཉིད་ནས་བོད་དོན་ཆེད་སྐུ་ལས་ཚད་མེད་བསྐྱོན་ཡོད་པར་བརྟེན། ང་ཚོ་བཙན་བྱོལ་ནང་སྐྱིད་ཉལ་གྱིས་མི་འདུག་པར་བོད་ནང་གི་བོད་མིའི་སྡུག་བསྔལ་སེལ་བར་དཀའ་ལས་རྒྱག་དགོས་སྐོར་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་བོད་དོན་དང་བླངས་ཞུ་གཏུག་པ་བསྟན་འཛིན་དབྱངས་སྐྱིད་ལགས་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དྲིན་ལན་མཇལ་དགོས་ན་ང་ཚོས་ཚེ་ཐོག་འདིར་མཇལ་ཐུབ་རྒྱུ་ཧ་ཅང་ཁག་པོར་ཆགས་ཡོད་ནའང་། སོ་སོའི་ངོས་ནས་ནུས་པ་གང་ཡོད་བཏོན་ཏེ་སེམས་ནང་མགོན་པོ་མཆོག་ཇི་ཙམ་བཀའ་དྲིན་ཆེན་པོ་ཡིན་པ་ཚོར་བའི་ཐོག་ནས་ད་བར་བོད་མི་ཞིག་ཡིན་པའི་ཆ་ནས་སོ་སོས་གང་འཇོན་པའི་རྒྱབ་རྟེན་༸གོང་ས་མཆོག་ཡིན་པར་ངོས་འཛིན་གྱིས་ཕྱག་ལས་གནང་ཐུབ་ན། མགོན་པོ་མཆོག་ལ་གང་འཚམ་གྱིས་བཀའ་དྲིན་རྗེས་དྲན་མཚོན་ཐུབ་སྐོར་འགྲེལ་བརྗོད་གནང་གི་འདུག

ལས་འགུལ་འདི་བརྒྱུད་རྒྱ་ཆེའི་མང་ཚོགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་དང་གུས་བརྩི། གོ་སྟོན་གྱི་ཤིས་ཚིག་སྨོན་འདུན་བཅས་ཕུལ་ཐུབ་པའི་བསྐལ་བ་བཟང་པོ་ལྡན་གྱི་ཡོད་པར་བརྟེན། ལས་འགུལ་ནང་མཉམ་ཞུགས་གནང་བློ་ཡོད་རིགས་ཀྱིས་རྒྱ་གར་ནང་གི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་པའི་ Instagram (vtag.india) ཟེར་བའི་ཐོག་འབྲེལ་བ་གནང་དགོས་ཀྱི་ཡོད་འདུག་ཅིང་། བོད་དོན་དང་བླངས་ཞུ་གཏུག་གི་རུ་ཁག་ནི་བཙན་བྱོལ་བོད་མི་གནས་ཡུལ་གྱི་རྒྱལ་ཁབ་ཕལ་ཆེ་བར་ཡོད་པའི་བོད་དོན་ཞུ་གཏུག་དང་རྒྱབ་སྐྱོར་གྱི་ལས་འགུལ་རྒྱུན་མར་སྤེལ་མཁན་ཞིག་ཆགས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎