བཀའ་སྤྱི་གཉིས་ནས་ཨ་རིའི་གཞུང་གི་བཞེངས་ཕྱོགས་ལ་དགའ་བསུ་ཞུས་གནང་སོང་།
སྤྱི་ལོ་༢༠༢༣ ཟླ་༨ ཚེས་༢༢ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཨ་མི་རི་ཀའི་ནང་འགྲོ་འོང་བཀག་འགོག་དང་འབྲེལ་བའི་ཁྲིམས་ཡིག་ཨང་༢༡༢(a)(༣)(c) དགོངས་དོན་བཞིན། བོད་ནང་དུ་མི་རིགས་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བལྟར་བྱེད་མཁན་རྒྱ་ནག་གི་འགོ་ཁྲིད་ཚོ་ཨ་མི་རི་ཀའི་ནང་འགྲོ་འོང་ཆོག་པའི་མཐོང་མཆན་VISA བཀག་འགོག་བྱེད་རྒྱུ་ཡིན་པ་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བར། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས། ཨ་རིའི་གཞུང་ལ་ཐུགས་རྗེ་ཆེ་ཞུས་བ་དང་ཆིབས་ཅིག ཨ་རི་གཞུང་གི་བཞེངས་ཕྱོགས་དེར་དགའ་བསུ་ཞུས་གནང་སོང་།
དེ་ཡང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ད་ལྟའི་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་དེ་ནི་ཧ་ཅང་གི་ཉེན་ཁ་ཆེན་པོ་ཆགས་ཡོད་པ་མ་ཟད། སྲིད་བྱུས་དེས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ངོ་བོ་བཅས་པ་རྩ་བརླག་འགྲོ་རྒྱུའི་ཉེན་ཁ་ཆགས་ཡོད་པས། ད་རེས་ཨ་རི་གཞུང་གིས་ཐག་གཅོད་དེ་ལྟར་གནང་བར་ང་ཚོ་ཧ་ཅང་གི་དགའ་ཚོར་བྱུང་ཞེས་དང་། འབྱུང་འགྱུར་རྒྱལ་ཁབ་གཞན་ཚོས་ཀྱང་། ཨ་རི་ནང་བཞིན་སྲིད་བྱུས་ལག་བསྟར་ཡོང་བར་ཚང་མས་ཤུགས་རྒྱག་དགོས་པ་གསུངས་བྱུང་།
གོང་ཞུས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཡོངས་ཁྱབ་་གསལ་བསྒྲགས་དེའི་ནང་། བོད་མིའི་ངོ་བོ་དང་། སྐད་ཡིག ཆོས་ལུགས དེ་བཞིན་རིག་གཞུང་བཅས་པར་རྒྱ་བསྒྱུར་གྱི་ལས་གཞི་དང་སྲིད་བྱུས་སྤེལ་ཏེ། བཙན་གྱིས་བོད་ཕྲུག་ས་ཡ་གཅིག་ལྷག་རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭའི་ནང་བཅུག་པ་དེ་ནི་བོད་ཀྱི་མི་རབས་གསར་པའི་ཁྲོད་བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དང་རིག་གཞུང་རྩ་བརླག་ཏུ་གཏོང་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད་པར་བརྟེན། རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་མཁན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོ་ཨ་རིའི་ནང་འགྲོ་འོང་ཆོག་པའི་མཐོང་མཆན་དང་འབྲེལ་བའི་ཉེས་ཆད་བཏང་རྒྱུ་ཡིན་པ་འཁོད་འདུག
ཡང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཨ་རིའི་གཞུང་གི་ངོས་ནས། འཛམ་གླིང་སྤྱིའི་ཞི་བདེ་དང་འབྲེལ་བའི་བོད་ཀྱི་ཆོས་དང་རིག་གཞུང་ལ་འདེགས་འཇོག་ཆེན་པོས་རྒྱབ་སྐྱོར་གྱིས། ཡོངས་ཁྱབ་གསལ་བསྒྲགས་སྤེལ་བར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ཐུགས་ཆེ་ཞུ་རྒྱུ་དང་། བོད་ཀྱི་རིག་གཞུང་བཟང་པོ་དེ་དག་སྲུང་སྐྱོབ་སླད་བོད་མིའི་སྒྲིག་འཛུགས་གཙོས་པའི་ཨ་རི་དང་བོད་དོན་རྒྱབ་སྐྱོར་བ་ཚང་མས་མུ་མཐུད་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་རྒྱུ་ཡིན་པ་གསུངས་བྱུང་།
ད་དུང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་། ཨ་རིའི་གཞུང་གི་ངོས་ནས། རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་བསྒྱུར་གྱི་སྲིད་བྱུས་དེ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད། བཙན་གྱིས་བོད་ཕྲུག་ཚོ་རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭའི་ནང་བཅུག་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་རྒྱུ་དང་། ད་དུང་བོད་ཙམ་མ་ཟད། སྲིད་བྱུས་དེ་ལག་བསྟར་བྱེད་ཡུལ་ས་ཁུལ་གཞན་ཁག་ཏུ་ཡང་གཅིག་མཚུངས་ཀྱི་མཚམས་འཇོག་བྱེད་དགོས་ཅེས་དང་། ཨ་རིའི་ངོས་ནས་མུ་མཐུད་ནས་སོ་སོའི་མཐུན་ཕྱོགས་རྒྱལ་ཁབ་ཚོ་དང་ལྷན་དུ་མཉམ་ལས་ཀྱིས། དེ་ལྟ་བུའི་སྲིད་བྱུས་ཁག་ཐེར་འདོན་དང་རྒྱ་ནག་གཞུང་གི་རང་ཉིད་ཀྱི་འགན་ཁྲིད་གོང་འཕེལ་ཡོང་བར་སྐུལ་མ་བྱེད་ཀྱི་ཡོད་ཅེས་འཁོད་འདུག
དེའི་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱལ་སྤྱིའི་འབྲེལ་ལམ་ཐད་ཉམས་ཞིབ་པ་འབུམ་རམས་པ་བསྟན་འཛིན་ལྷག་སྒྲོན་ལགས་ཀྱིས། ད་རེས་ཨ་རིའི་གཞུང་གིས་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་དེ་ནི་། རྒྱ་ནག་གཞུང་ལ་བརྡ་ལན་ཞིག་ཀྱང་ཡིན། རྒྱ་ནག་དམར་ཤོག་གི་དཔལ་འབྱོར་སྟོབས་ཤུགས་ཀྱིས། འཛམ་གླིང་སྤྱིའི་ཡོངས་ཀྱི་རང་དབང་དང་མང་གཙོ་སོགས་ལ་ཉེན་ཁ་ཆགས་ཡོད་པས། ད་སྐབས་ཨ་རི་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཚང་མས་རྒྱ་ནག་ལ་ལྟ་སྟངས་ཐད་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་བརྟེན། བོད་མིའི་ངོས་ནས་དེ་ནི་རང་དབང་འཐབ་རྩོད་དང་འབྲེལ་བའི་གོ་སྐབས་ཤིག་ལ་ངོས་འཛིན་བྱེད་དགོས་ཅེས་འགྲེལ་བརྗོད་གནང་བྱུང་།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་བོད་དོན་ལས་འགུལ་བསྟི་གནས་ཁང་སོགས་ཀྱིས་ཨ་རིའི་ལངས་ཕྱོགས་དེར་དགའ་བསུ་ཞུས་ཐོག་རྒྱ་ནག་གཞུང་གིས་
བོད་ཀྱི་བྱིས་པ་རྣམས་རང་ཉིད་ཀྱི་ནང་མི་དང་ཁ་བྲལ་དུ་གཏོང་བཞིན་པའི་གནད་དོན་དེ་ཕྱི་གསལ་ནང་གསལ་ངེས་པར་དུ་བཟོ་དགོས་སྐོར་འབོད་སྐུལ་བྱས་
འདུག
གཞན་ཡང་འདི་ཚེས་༢༣ ཉིན་རྒྱ་ནག་གཞུང་གི་མགྲིན་ཚབ་པ་ Wang Wenbin ལགས་ཀྱིས། ཨ་རི་གཞུང་གིས་བོད་དོན་དང་འབྲེལ་ནས་རྒྱ་ནག་གི་དཔོན་རིགས་ཚོ་ཨ་རི་ནང་འགྲོ་འོང་ཆོག་པའི་མཐོང་མཆན་བཀག་བསྡོམ་བྱས་པར་ཡ་ལན་ལོག་པའི་ནང་། ཨ་རི་གཞུང་གིས། གཞན་གྱི་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱས་པ་ལས། སོ་སོའི་ལོ་རྒྱུས་ཀྱི་གནས་སྟངས་ཁ་གསལ་ཤེས་དགོས་གལ་ཆེ། དེ་ཡང་ཨ་མ་རི་ཀའི་ལོ་རྒྱུས་ནང་དུ། སོ་སོ་རང་ཉིད་ཀྱི་མི་རིགས་ས་ཡ་༤ ལྷག་སྡེབ་གསོད་བཏང་ཡོད་ཚུལ་སོགས་སྐྱོན་བརྗོད་བྱས་འདུག གཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་གཞུང་གིས་བོད་ནང་གི་གཏན་འཇགས་སློབ་གྲའི་གནད་དོན་དང་འབྲེལ་བའི་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ལ་མཐོང་མཆན་Visa བཀག་སྡོམ་སོགས་ཀྱི་ཉེས་ཆད་འགེལ་རྒྱུའི་ཐག་ཆོད་དེ་ནི་ནོར་འཁྲུལ་ཅན་ཞིག་དང་སྲིད་ཇུས་དེ་འཕྲལ་དུ་ཕྱིར་བསྡུ་བྱ་དགོས། དེ་མིན་རྒྱ་ནག་གཞུང་གིས་ ཡ་ལན་དྲག་པོ་ཞིག་སློག་རྒྱུ་ཡིན་ཞེས་ རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་མགྲིན་ ཚབ་པ་Wang Wen bin ཀྱིས་བཤད་ཡོད་འདུག
གཞི་རྩའི་ཆ་ནས་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་དེ་ནི་དེ་སྔ་ནས་ཡོད་ཀྱང་། ཕྱིས་སུ་ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་དུ་བསྐོ་བཞག་བྱས་པའི་རྗེས། སྲིད་བྱུས་དེ་བཞིན་རྒྱ་ཁྱབ་ཏུ་བཏང་སྟེ། གྲངས་ཉུང་མི་རིགས་ཚང་མ་གཅིག་བསྡུས་བཟོ་རྒྱུའི་འཆར་གཞི་བཏིང་ཡོད་པ་ཉམས་ཞིབ་པ་ལྷག་སྒྲོན་ལགས་ཀྱིས་གསུངས་ཤིང་། ལྷག་དོན་དུ་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་དེ་ཡང་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་རྒྱ་བསྒྱུར་ལས་གཞིའི་ནང་ཚུད་ཡོད་པ་གསུངས་བྱུང་།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།