བཙན་བྱོལ་བོད་མིའི་འཐབ་རྩོད་དེས་སེམས་ཤུགས་འཕར་མ་ཞིག་བསྐྲུན་གྱི་འདུག་ཅེས་ཝེཏ་ནམ་གྱི་ཚོང་ལས་གཉེར་མཁན་ཁག་ཅིག་ནས་བརྗོད་བྱུང་།

ཧི་མ་ཅལ་མངའ་སྡེའི་ནང་ཆགས་པའི་པའི་རྡ་རམ་ས་ལ་གྲོང་སྡེ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་ཡིན་ཞིང་། ཡོངས་གྲགས་སུ་རྒྱལ་ས་ལྷ་ས་གཉིས་པ་ཞེས་འབོད་སྲོལ་ཡོད་པ་བཞིན། ལོ་ལྟར་ཕྱི་རྒྱལ་ཡུལ་གྲུ་ཁག་འདྲ་མིན་ནས་བཞུགས་སྒར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་རྒྱུའི་ཆེད། དད་ལྡན་ཁྲི་ཚོ་བརྒལ་བ་ཞིག་ཡོང་གི་ཡོད། ཕྱི་ཟླ་༡༡ཚེས་༣༠ནས་ཕྱི་ཟླ་༡༢ཚེས་༣བར་ཝེཏ་ནམ་རྒྱལ་ཁབ་ནས་ཡིན་པའི་ཚོང་ལས་གཉེར་མཁན་༣༦བཞུགས་སྒར་དུ། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུ་དང་།བཙན་བྱོལ་བོད་མིའི་གནས་སྟངས་རྒྱུས་ལེན་ཆེད་ཕེབས་ཡོད་ཅིང་། ཐེངས་འདིའི་ཝེཏ་ནམ་ནས་ཡིན་པའི་ཚོང་ལས་གཉེར་མཁན་གྱི་རུ་ཁག་དེའི་སྣེ་ཁྲིད་མཁན་ནི་ལྕམ་ཧ་ཡི་ལགས་རེད་འདུག་ལ། ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། འདས་པའི་ཉིན་ཤས་ནང་བཞུགས་སྒར་ཁུལ་དུ་ལྟ་སྐོར་ལ་བསྐྱོད་སྐབས། བོད་ཀྱི་འགྲོ་ཕན་སྨན་རྩིས་ཁང་གི་འགྲེམས་སྟོན་ཁང་བརྒྱུད། བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པའི་ལམ་ནས་ནད་རིགས་ངོས་འཛིན་སྟངས་ཀྱི་ལམ་སྲོལ་དག་དེ་སྔ་དུས་རབས་བརྒྱད་པ་ནས་བཟུང་བོད་ནང་ཡོད་པ་ཤེས་དུས། དངོས་ནས་ངོ་མཚར་སྐྱེས་བྱུང་། མདོར་ན། བོད་ཀྱི་རིག་གཞུང་ནི་དངོས་ནས་ཕྱུག་པོ་རེད་འདུག ཡང་ང་ཚོ་རྡ་སྟེང་བོད་ཁྱིམ་དུ་བསྐྱོད་སྐབས། སློབ་ཕྲུག་ཚོས་སློབ་སྦྱོང་གནང་སྟངས་དང་དཀའ་ངལ་ལ་གདོང་ལེན་གནང་སྟངས་དེ་ཚོ་ནི་དངོས་གནས་ཡིད་སྨོན་སྐྱེས་དགོས་པ་ཞིག་འདུག་ཅེས་འགྲེལ་བརྗོད་གནང་བྱུང་། ཐེངས་འདིའི་རུ་ཁག་ནང་ཡོད་པའི་ཇུ་ལི་ལེམ་ལགས་ནི་ཝེཏ་ནམ་ནང་མགྲོན་ཁང་དང་སྤྲོ་སྐྱིད་ཁང་གི་ཚོང་ལས་Mia Luxury Collection ཞེས་པའི་འགན་འཛིན་ཡིན་འདུག་ཅིང་། ཁོང་ད་རེས་བཞུགས་སྒར་དུ་ཡོང་ནས་སེམས་བརྒྱུད་ལ་བསླབ་བྱ་གསར་པ་ཞིག་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་། ངས་བཞུགས་སྒར་ཁུལ་གྱི་བོད་མི་ཚོའི་གནས་སྟངས་མཐོང་དུས། ངའི་སེམས་ནང་སེམས་ཤུགས་ཤིག་རང་བཞིན་གྱི་ཡོང་གི་འདུག གང་ཡིན་ཟེར་ན། ང་ཚོའི་མི་ཚེའི་ནང་ཕྱི་དངོས་པའི་ཡར་རྒྱས་ཁོ་ནར་དམིགས་བསྡད་ན་འགྲིག་གི་མི་འདུག དཔེར་ན། ང་རང་༸གོང་ས་མཆོག་མཇལ་དུས་རང་བཞིན་གྱིས་མཆི་མ་ཤོར་སོང་། ཞེས་འགྲེལ་བརྗོད་གནང་བྱུང་།
བཞུགས་སྒར་རྡ་རམ་ས་ནི་ཧི་མ་ཅལ་མངའ་སྡེའི་ནང་ཡུལ་སྐོར་སྤྲོ་འཆམ་པ་མང་ཤོས་ཡོང་སའི་ས་གནས་ཤིག་ཀྱང་ཆགས་ཀྱི་ཡོད་དུས། ཝེཏ་ནམ་ནས་ཡིན་པ་སྡ་ཨེམ་ཨ་ལགས་ཀྱིས། ངས་བཞུགས་སྒར་རྡ་རམ་ས་ལ་ནི་གནས་རྩ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པས། ང་རང་འདིར་སླེབས་ཐུབ་པ་ནི་བསྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་གྱི་ཡོད། འདིར་གནམ་གཤིས་ཧ་ཅང་ཡག་པོ་འདུག་ལ། མཚར་སྡུག་ལྡན་པའི་ཡུལ་ལྗོངས་མང་པོ་ཞིག་ལྟ་རྒྱུའི་གོ་སྐབས་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་ཝེཏ་ནམ་ནང་རྟེན་གཞི་བྱས་པའི་ REE Cooperation ཞེས་པའི་ཚོང་ལས་ཁང་གི་སྦྱིན་བདག་མའེ་ཐན་ལགས་ཀྱིས་གསུངས་ན། བཞུགས་སྒར་དུ་བསྡད་པའི་རིང་བོད་མི་རྣམས་ནི་ཧ་ཅང་གི་གྲོགས་འདྲིས་སླ་བ་མ་ཟད། ཕན་ཚུན་འཆམ་མཐུན་ངང་སྡོད་ཀྱི་འདུག་ལ། སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་པའི་ལས་དོན་མང་པོ་ཞིག་རྩོམ་བཞིན་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིའི་བཞུགས་སྒར་ཁུལ་སྐྱོད་རིང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་རྗེས། རྡ་སྟེང་བོད་ཁྱིམ། བོད་ཀྱི་འགྲོ་ཕན་སྨན་རྩིས་ཁང་སོགས་ལ་རྒྱུས་ལེན་ཆེད་ཕེབས་ཡོད་པ་རེད་འདུག་ལ། འདི་ཚེས་༢ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེའི་མཆོག་གི་སྐུ་གདུང་ལ་མཇལ་ཞུས་ཡོད་འདུག།
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ་དང་དྲྭ་ཐོག་རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།