ཡོ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད།
2011.04.19
༄༅༎དེ་རིང་གཟའ་མིག་དམར་ཉིན་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་མེཀ་མི་ལཱན་སཀོཊ་མཆོག་ནས་རྒྱ་ནག་གཞུང་གིས་ཀིརྟི་དགོན་པའི་དགེ་འདུན་པ་ཚོར་དྲག་གནོན་བྱེད་བཞིན་པ་དེར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག།
ད་དུང་གནས་ཚུལ་སྤེལ་བ་དེའི་ནང་འཁོད་པར་གཞིགས་ན་ ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་སཀོཊ་གྱིས་རྒྱ་ནག་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མཐུན་ཡིག་ཆར་བརྩི་འཇོག་བྱེད་པའི་རེ་འདུན་བཏོན་གནང་འདུག ལྷག་པར་དུ་ཁོང་ནས་ རྒྱ་ནག་གཞུང་གིས་ཀིརྟི་དགོན་པ་ནས་རྒྱ་མིའི་དམག་དཔུང་ཕྱིར་འཐེན་གྱིས་དགེ་འདུན་པ་ཚོར་དྲག་གནོན་བྱེད་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་པ་དང་ འཛིན་བཟུང་བྱས་པའི་དགེ་འདུན་པ་རྣམས་འཕྲལ་དུ་གློད་གྲོལ་དགོས་པར་མ་ཟད་ དགེ་འདུན་པ་ཚོ་ས་གནས་གཞན་དུ་འཁྲིད་དེ་སློབ་གསོ་སྤྲོད་རྒྱུ་ཟེར་བའི་སྡིག་ར་གཏོང་རྒྱུའི་ལས་དོན་མཚམས་འཇོག་དགོས་པའི་འབོད་སྐུལ་ཡང་ཞུས་འདུག།
ཡང་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་གྱི་མཚན་ཐོག་ནས་སྤེལ་བའི་གསར་འགོད་གསལ་བསྒྲགས་དེའི་ནང་ ཐོགས་མར་རྒྱ་མིའི་ཉེན་རྟོག་པ་ཀིརྟི་དགོན་པའི་ནང་ཡོང་སྐབས་ས་གནས་བོད་མི་ཚོས་འགྲོ་ལམ་བཀག་སྟེ་ཉེན་རྟོག་པ་དགོན་པའི་ནང་འཛུལ་མ་བཅུག་པར་བརྟེན་ ཉེན་རྟོག་པས་མི་མང་ཚོར་ཉེས་རྡུང་ཚབས་ཆེ་བཏང་པའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་དང་ རྒྱ་ནག་གཞུང་ལ་ས་གནས་བོད་མིའི་དཀའ་ངལ་ཁག་ཕྱི་གསལ་ནང་གསལ་དང་དྲང་བདེན་གྱི་ལམ་ནས་སེལ་ཐབས་བྱེད་དགོས་པའི་ལས་འགན་ཞིག་ཡོད་པ་རེད་ཅེས་ཀྱང་གསུངས་འདུག།
ཡང་དེ་བཞིན་ཡོ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཞོན་ཕོལོ་རེ་ལོ་པོརོ་ལྦེ་རོས་ ཡོ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་ཕྱི་འབྲེལ་སྐུ་ཚབ་ལེ་ཌི་ཨེཤི་ཀྲོན་མཆོག་ལ་ཕྱག་བྲིས་ཤིག་ཕུལ་བ་དེའི་ནང་ཛ་དྲག་ཆེ་རུ་འགྲོ་བཞིན་པའི་ཀིརྟི་དགོན་པའི་གནས་སྟངས་ཐད་ཐུགས་འཚབ་ཆེན་པོ་ཡོད་པ་དང་ ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་གནད་དོན་འདིའི་ཐད་ལངས་ཕྱོགས་བརྟན་པོ་ཞིག་བཟུང་དགོས་པའི་སྐུལ་མ་གནང་འདུག།