སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ནི་འགྲོ་བ་མི་ཚང་མར་འབྲེལ་བ་ཡོད། ༧གོང་ས་མཆོག་གིས།
2020.05.07
སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ནི་ནང་པ་གཅིག་པུར་མིན་པར་འགྲོ་བ་མི་ཚང་མ་དང་འབྲེལ་བ་ཡོད་པ་༧གོང་ས་མཆོག་གིས་རྒྱལ་སྤྱིའི་ས་ག་ཟླ་བའི་སྟོན་པའི་འཁྲུངས་ཚེས་ཉིན་གསུང་འཕྲིན་བསྩལ་འདུག
དེ་ཡང་གནས་བརྟན་སྡེ་པའི་རྩིས་ལུགས་གཞིར་བཟུང་འདི་ཚེས་༧་ཉིན་ནང་པའི་ཆོས་ལུགས་དར་སའི་འཛམ་གླིང་ཡུལ་གྲུ་གང་སར་ཡོངས་གྲགས་སུ། རྒྱལ་སྤྱིའི་ས་ག་ཟླ་བའི་དུས་ཆེན་(Vesak)་སྟོན་པའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། ཉིན་འདིར་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ཆོས་ཕྱོགས་ཀྱི་དུས་སྟོན་ཐོག བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དགའ་བསུའི་འཚམས་འཕྲིན་ཞིག་བསྩལ་བའི་ནང་དུ། ང་ཚོ་ནང་པ་ཚོ་ནི་སངས་རྒྱལ་བཅོམ་ལྡན་འདས་ཀྱི་གསུང་རྒྱུད་འཛིན་བྱེད་མཁན་དེ་ཡིན། ཡིན་ནའང་བཅོམ་ལྡན་འདས་མཆོག་གིས་མཛད་པའི་ལམ་སྟོན་དེ་དག་ནི་འགྲོ་བ་མི་ཚང་མ་དང་འབྲེལ་བ་ཆགས་ཡོད་པ་དང་། ཆོས་ལུགས་ཁག་གི་གཞི་རྩའི་དམིགས་ཡུལ་ནི་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་དེ་ཡིན་པ་ཤེས་པའི་ཐོག ང་ཚོས་ཆོས་ལུགས་ནང་ཁུལ་བགྲོ་གླེང་དང་མཐུན་སྒྲིལ་གོང་སྤེལ་གཏོང་དགོས་གལ་ཆེ་ཞིང་། ད་དུང་ད་སྐབས་ནད་ཡམས་ཀྱི་དཀའ་ངལ་ལ་འཛམ་གླིང་ཁྱོན་ཡོངས་ཀྱིས་གདོང་ལེན་བྱེད་བཞིན་པའི་དུས་སྐབས་སུ། རང་རེའི་ནང་མི་བུ་ཕྲུག་དང་ཉེ་གྲོགས་སོགས་འདས་གྲོངས་སུ་གྱུར་བའི་སྡུག་བསྔལ་དང་། རང་གི་འཕྲོད་བསྟེན་ལ་ཉེན་ཚབས་སོགས་ཀྱི་དཀའ་ངལ་འཕྲད་པའི་མཚམས་འདིར། ངེས་པར་དུ་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་གནས་བབ་ལ་བསམ་གཞིགས་ནན་པོ་བྱེད་དགོས་པ་མ་ཟད། བྱམས་བརྩེ་ལྡན་པའི་སྒོ་ནས་གཅིག་ཕན་གཅིག་གྲོགས་བྱས་པ་ཡིན་ཚེ། གོ་ལ་སྤྱིར་སྔོན་ཆད་མ་བྱུང་བའི་གྲུབ་འབྲས་བཟང་པོ་ཞིག་འཐོན་ངེས་ཡིན་པ་བཀའ་སྩལ་འདུག
ད་དུང་གསུང་འཕྲིན་ནང་། སྟོན་པ་ཤཀྱ་ཐུབ་པ་མཆོག་ནི་ལུམ་བྷི་ནིར་འཁྲུངས་ཤིང་། གནས་མཆོག་རྡོ་རྗེ་གདན་དུ་སངས་རྒྱས་ཡོད་པ་དང་། རྩ་མཆོག་གྲོང་དུ་སྐུ་མྱ་ངན་ལས་འདས་ཏེ་ད་ཆ་ལོ་༢༦༠༠་ཙམ་ཕྱིན་ཡོད་ཀྱང་། ད་དུང་ཁོང་གི་བཀའ་ཆོས་དེ་དག་མུ་མཐུད་དེང་སྐབས་འཛམ་གླིང་ཡོངས་ཁྱབ་དང་འབྲེལ་བ་ཆེན་པོ་ཆགས་ཡོད་མ་ཟད། གཞན་ཕན་གྱི་བློ་དང་། སངས་རྒྱས་གང་ཉིད་སྐུ་ཚེ་གང་པོ་རབ་བྱུང་གི་ངོ་བོ་ཐོག་ནས་མཛད་པ་བསྐྱངས་ཡོད་པ་དང་སྐབས་དེ་དུས་ཁོང་རང་ཉིད་ཀྱི་དངོས་ཀྱི་མྱོང་བ་རྣམས་གསན་འདོད་ཡོད་རིགས་ཀྱི་སྐྱེ་བོ་ཚང་མར་གསུང་ཡོད་པ་མ་ཟད། རྟེན་འབྱུང་དང་གཞན་ལ་གནོད་འཚེ་བྱེད་མི་རུང་ཞིང་། དེ་ལས་རང་ནུས་གང་ཡོད་ཀྱིས་གཞན་ཕན་སྒྲུབ་དགོས་པ་དང་། དེ་ཡང་འཚེ་བ་མེད་པའི་ལམ་ལ་འཇུག་རྒྱུ་གལ་ཆེ་ཡིན་པའི་སྐོར་བཅོམ་ལྡན་འདས་མཆོག་གིས་ལམ་སྟོན་མཛད་ཡོད་པ་དེ་དག་ནི། དེང་གི་འཛམ་གླིང་སྟེང་གི་གཞན་ཕན་ཆེད་དུ་རླབས་ཆེན་གྱི་ལམ་སྟོན་གཅིག་པུ་དེ་ཡིན་ཞིང་། བྱམས་བརྩེའི་ཀུན་ནས་སློང་བའི་འཚེ་བ་མེད་པ་ཡིས་སེམས་ཅན་ཐམས་ཅན་ལ་ཞབས་འདེགས་ཞུ་མུས་ཡིན་ཞེས་དང་། འཛམ་གླིང་ཁྱོན་ཡོངས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པ་ཇེ་འཕེལ་དུ་འགྲོ་བཞིན་ཡོད་ཅིང་། སོ་སོ་རང་ཉིད་ཀྱི་བདེ་བ་ཡང་འགྲོ་བ་མི་གཞན་ལ་བརྟེན་ནས་བསྡད་ཡོད་པ་དང་། ང་ཚོས་དཀའ་ངལ་ལ་གདོང་ལེན་བྱེད་པའི་སྐབས་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་དེ་ངེས་པར་དུ་གཏོང་དགོས་ཞིང་། དེ་བཞིན་ནང་ཆོས་ནས་གོམ་འདྲིས་བྱེད་པའི་བྱམས་བརྩེ་དང་བཟོད་སྒོམ། སྙིང་རྗེ་སོགས་ང་ཚོས་ཉིན་རེར་འཚོ་བའི་ནང་དུ་ལག་བསྟར་དགོས་གལ་ཆེ། ངོས་རང་ནང་པའི་རབ་བྱུང་ཞིག་ཡིན་ཞིང་། ངོས་རང་ཉིད་དཔལ་ནཱ་ལེན་དྲའི་རིག་གཞུང་བཟང་པོ་དེ་དག་རྒྱུན་འཛིན་བྱེད་མཁན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ནཱ་ལེན་དྲའི་རིག་གཞུང་དེ་དག་ནི་རྒྱུ་མཚན་དང་ཚད་མ་རིག་པ་སོགས་དང་འབྲེལ་བའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཞིག་ཡིན་པ་དང་། གལ་ཏེ་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱ་འདོད་ཡོད་ན། ངེས་པར་དུ་ནང་ཆོས་ལ་སློབ་གཉེར་བྱ་དགོས་གལ་ཆེ་ཞེས་བཀའ་བསྩལ་འདུག
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སྟོན་པ་བཅོམ་ལྡན་འདས་མཆོག་ཞལ་བཞུགས་པའི་སྐབས་ནས་བཟུང་ད་བར་འཛམ་གླིང་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་མ་ཟད། དེང་གི་ཚན་རིག་ཡར་རྒྱས་ཕྱིན་ཏེ་ཕྱིའི་དངོས་པོའི་གནས་ལུགས་དང་འབྲེལ་བའི་ཤེས་བྱ་དུ་མ་ཞིག་རྒྱུས་ལོན་ཐུབ་ཀྱི་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ནང་པའི་ཚན་རིག་གིས་ཀྱང་། སེམས་དང་སེམས་མྱོང་སོགས་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་གསལ་སྟོན་བྱས་ཡོད་པ་དེ་དག་ནི་དེང་གི་ཚན་རིག་ལ་གསར་པ་ཞིག་ཏུ་འགྱུར་ཡོད། དེར་བརྟེན། དེང་གི་ཚན་རིག་དང་ནང་པའི་ཚན་རིག་གཉིས་ཀྱི་བར་ཁྱད་པར་ཡོད་མིན་ལ་མ་བལྟོས་པར། ཕྱོགས་གཉིས་ཀ་ཟུང་འབྲེལ་གྱིས་ཐོག་ནས་ཕྱིའི་གཟུགས་དང་ནང་སེམས་རྒྱུད། དེ་བཞིན་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བདེ་རྩར་ཕན་པའི་ཞབས་འདེགས་ཆེན་པོ་ཞུ་ཐུབ་པ་ངོས་ལ་ཡིད་ཆེས་ཡོད་ཅེས་བཀའ་བསྩལ་འདུག
གོང་ཞུས་ཉིན་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱིས་གོ་སྒྲིག་འོག བོད་ཀྱི་བླ་ཆེན་ཁག་དང་རྒྱ་གར་ནང་པའི་བླ་ཆེན། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་པའི་བླ་ཆེན་དང་ནང་པ་དང་འབྲེལ་བའི་གནད་ཡོད་མི་སྣ་ཚོས་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་ངོ་དེབ་དྲ་ལམ་བརྒྱུད་གསུང་འཕྲིན་རིམ་པ་བསྩལ་འདུག་པ་མ་ཟད། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་ཀྱང་རྒྱལ་སྤྱིའི་ས་ག་ཟླ་བའི་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་སྐབས། སངས་རྒྱས་བཅོམ་ལྡན་གྱིས་གཞན་ཕན་གྱི་དོན་དུ་རང་དོན་བློས་བཏང་གནང་ཡོད་པ་དང་། གཞན་ཕན་གྱི་དོན་དུ་སྒོམ་ཉམས་ལེན་གནང་ཏེ་འཛམ་གླིང་སྤྱིར་ཕན་ཐོག་སྒྲུབ་ཡོད་ཅིང་། མདོར་ན་སངས་རྒྱས་རང་ཉིད་ཀྱི་སྐུ་ལུས་ཡོངས་རྫོགས་འཇིག་རྟེན་འདིའི་ཆེད་དུ་ཕུལ་ཡོད་པ་དེ་དག་ལ་བརྟེན་ནས། ད་སྐབས་གཉན་འཕྲང་ཆེ་བའི་དུས་སྐབས་སུ་སྨན་པ་སྐོར་སྲུང་སོགས་འགྲོ་བ་མི་འགའ་ཤས་ཀྱིས་རྣམ་པ་འདྲ་མིན་གྱི་ལམ་ནས་གཞན་ཕན་ལ་འབད་དེ་སྤྱི་ཚོགས་ཞབས་ཞུ་སྒྲུབ་མུས་ཡིན་པ་དེ་དག་ནི་སངས་རྒྱས་ཀྱི་ལམ་སྟོན་ལྟར་ང་ཚོས་བཟང་ཕྱོགས་ཁག་ཅིག་སྒྲུབ་བཞིན་ཡོད་པ་གསུངས་འདུག
ཉིན་འདིར་བལ་ཡུལ་དང་རྒྱ་གར་གཙོ་བོར་གྱུར་བའི་ནང་པའི་ཡུལ་གྲུ་ཁག་གི་ནང་དུ། གནས་བརྟན་སྡེ་པའི་རྩིས་ལུགས་ལྟར། སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པ་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་ཀྱི་ནང་པའི་ཆོས་ཕྱོགས་ཀྱི་དུས་ཆེན་ཁྱད་པར་ཅན་འདི་སྲུང་བརྩི་ཞུ་མུས་ཡིན་པ་དང་། ད་རེས་བོད་ཀྱི་མདོ་སྟོད་སྨད་གཉིས་ཀྱི་ས་ཁུལ་དག་ནང་ལུགས་རྙིང་གི་ལུགས་ལྟར་ས་ག་ཟླ་བའི་ཚེས་ཆེན་བཅོ་ལྔར་འཁེལ་བར་བརྟེན་བོད་མི་ཚོས་རྣམ་པ་འདྲ་མིན་ཐོག་ཕྱག་སྐོར་དགེ་བསྒྲུབ་ཀྱི་ལས་ལ་འབད་ཡོད་འདུག