མ་འོངས་བོད་མིའི་མདུན་ལམ་བཟང་པོ་ཞིག་གི་ཆེད་ང་ཚོས་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན།
* གནས་ཚུལ་ཁ་སྣོན་བྱས་ཡོད།
ཕྱི་ཟླ་༡ཚེས་༡༠ཉིན་ཨ་མི་རི་ཀའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་ ཨཛ་ར་ཛེ་ཡ་ (Uzra Zeya)མཆོག་གིས་སྤྱི་ཚོགས་དྲྭ་རྒྱ་(X)ཐོག་གསུང་འཕྲིན་ཞིག་སྤེལ་གནང་བའི་ནང་། ཕྱི་ལོ་༢༠༢༡ ནས་བཟུང་ཨ་རིའི་བོད་དོན་ཆེད་དམིགས་བསལ་སྐུ་ཚབ་ཀྱི་ལས་འཁུར་ཞུ་རྒྱུའི་གོ་སྐབས་ཐོབ་ཡོད་པ་དང་། འདས་པའི་མི་ལོ་བཞིའི་རིང་གི་གྲུབ་འབྲས་གཙོ་བོ་རྣམས་ཟུར་འདོན་གྱིས་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་། བོད་མིའི་ངོ་བོ་སྲུང་སྐྱོབ། བོད་མིའི་འགྲོ་བ་མིའི་རང་དབང་གི་དགོས་མཁོ་བསྐོང་ཐབས་སོགས་ཀྱི་ཐད་འབད་བརྩོན་གནང་ཡོད་སྐོར་ནན་བརྗོད་གནང་ཡོད་པ་རེད། ལྷག་པར་དུ་སྤྱི་ལོ་༢༠༢༢ ཟླ་ ༡༢ པའི་ནང་བོད་དོན་དང་འབྲེལ་བའི་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིགས་བཏང་བའི་ཉེས་པ་བཙུགས་ནས་རྒྱ་ནག་གི་མགོ་ཁྲིད་ལ་བཀལ་བའི་འཛམ་གླིང་ཡོངས་ཀྱི་ Magnitsky ནག་ཉེས་བཅའ་ཁྲིམས་ལག་བསྟར་བྱས་ཏེ་ཉེས་ཆད་བཅད་ཡོད་པ་དེ་ཐེངས་དང་པོ་རེད་ཅེས་དང་། དེ་བཞིན་བོད་ཀྱི་ས་ཁུལ་ནང་འགྲོ་འོང་གི་ཐོབ་ཐང་བཀག་པ་དང་བོད་ཕྲུག་འབུམ་གཅིག་ལྷག་རྒྱ་ནག་གི་གཞུང་གཉེར་གཏན་སློབ་ནང་བཙན་བཤེད་ཀྱི་བཅུག་ནས་བོད་མི་རིགས་རྒྱ་བསྒྱུར་གྱི་སྲིད་ཇུས་ལག་བསྟར་བྱེད་མཁན་གྱི་དཔོན་རིགས་ཚོར་བསྐྱར་དུ་ཐོངས་མཆན་མི་སྤྲོད་པར་དམ་བསྒྲགས་གནང་བ་སོགས་གསར་གཏོད་རང་བཞིན་གྱི་ལས་དོན་སྤེལ་གནང་ཡོད་པ་བཅས་གསལ་སྟོན་གནང་ཡོད་པ་རེད།
ད་དུང་ཁོང་གི་ལས་ཡུན་རིང་ཨ་མི་རི་ཀའི་གཞུང་གིས་རྒྱལ་སྤྱིའི་ཐོག་བོད་དོན་ཞུ་གཏུག་གི་ནུས་པ་ཆེ་རུ་བཏང་གནང་ཡོད་པ་དང་། དེ་ཡང་སྤྱི་ལོ་ ༢༠༢༤ ཟླ་ ༡ པོའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གཉིས་པ་དེ་གནང་སྐབས་རྒྱལ་ཁབ་ཉི་ཤུ་ལྷག་གིས་རྒྱལ་ཚོགས་ཀྱི་སྡིངས་ཆའི་སྟེང་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་པའི་སྲིད་བྱུས་ལ་སེམས་འཚབ་ཆེན་པོ་ཡོད་སྐོར་གླེང་གནང་ཡོད་པ་དང་། དེ་ནི་བསྐྱར་ཞིབ་ཐེངས་དང་པོའི་སྐབས་ལས་ལྡབ་གཉིས་ཀྱིས་མང་བ་ཆགས་ཡོད་པ་རེད།
དེ་བཞིན་ཡང་ལྕམ་ ཨཛ་ར་ཛེ་ཡ་ མཆོག་གིས་ཨ་མི་རི་ཀའི་རོགས་ཚོགས་ USAID ནས་རོགས་དངུལ་ཨ་སྒོར་ས་ཡ་ ༨༢ བོད་ཀྱི་རིག་གཞུང་དང་། སྐད་ཡིག ཆོས་ལུགས་བཅས་སྲུང་སྐྱོབ་ཆེད་དུ་བཏང་གནང་ཡོད་པ་ནན་བརྗོད་གནང་ཡོད་པ་རེད། ཁོང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་ཆེན་པོ་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་བཙན་དབང་གིས་བོད་མི་གནས་སྤོ་བྱེད་དུ་བཅུག་པ་དང་། ཆོས་དད་རང་དབང་ལ་དམ་དྲག་བྱེད་པ་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཤུལ་བཞག་རྩ་མེད་གཏོང་བཞིན་པའི་བྱ་སྤྱོད་ལ་ཁ་གཏད་གཅོག་བཞིན་ཡོད་པ་མངོན་གསལ་གནང་ཡོད་པ་རེད། ཨ་མི་རི་ཀས་ལྷོ་ཨེ་ཤེ་ཡའི་ནང་གི་བོད་མིའི་འཕྲོད་བསྟེན་དང་། ཤེས་ཡོན། དཔལ་འབྱོར་གྱི་གོ་སྐབས་བཅས་ཀྱི་ཆེད་དུ་ལས་གཞི་སྤེལ་གནང་བཞིན་པར་རྒྱབ་སྐྱོར་ཡོད་ཅེས་ཁོང་གིས་ནན་བརྗོད་གནང་འདུག་ལ། ལྕམ་ ཨཛ་ར་ཛེ་ཡ་ མཆོག་གིས་བོད་དོན་ཐད་གྲུབ་འབྲས་མང་དག་ཅིག་ཐོན་ཡོད་ནའང་། སྤྱི་ལོ་༢༠༡༠ ལོ་ནས་བཟུང་རྒྱ་ནག་གཞུང་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ཡང་ན་ཁོང་གི་སྐུ་ཚབ་དང་མཉམ་དུ་གྲོས་མོལ་མ་བྱུང་བར་འབད་བརྩོན་ཞུ་མུས་ཡིན་པ་དང་། ཡང་ཁོང་གིས་ཨ་མི་རི་ཀའི་བཞེངས་ཕྱོགས་བསྐྱར་ནན་གནང་བར་ལྟར་ན།
བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་ཞི་མོལ་གནང་རྒྱུ་དེ་ཐབས་ལམ་བཟང་ཤོས་ཤིག་ཡིན་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ཞི་མོལ་སྐྱར་གསོ་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།
མཐའ་དོན་ཁོང་གིས། བོད་མིར་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་ཐབས་སུ་བོད་པའི་སྤྱི་ཚོགས་དང་རྒྱལ་སྤྱིའི་མཐུན་སྒྲིལ་ཚོགས་པ་ཁག་དང་མཉམ་ལས་བྱ་རྒྱུ་བྱུང་བ་ངའི་མི་ཚེའི་ནང་དགའ་སྤོབས་འོས་པའི་གྲུབ་འབྲས་ཤིག་ཡིན། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་དང་། བོད་མི་ཡོངས་ལ་གཞི་རྩའི་རང་དབང་ལོངས་སུ་སྤྱོད་རྒྱུ་མ་བྱུང་གི་བར་དང་། བོད་མི་རྣམས་ལ་རང་དབང་གི་ཐོག་ནས་ཆོས་དད་དང་། སྐད་ཡིག ཡུལ་གོམས་གཤིས་ལུགས་ཀྱི་རང་དབང་ལ་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་མ་ཐོབ་བར་ང་ཚོའི་ལས་འགན་གྲུབ་མེད། མ་འོངས་བོད་མིའི་མདུན་ལམ་བཟང་པོ་ཞིག་གི་ཆེད་ང་ཚོས་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
དེའི་ཐད་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཟླ་བ་དང་པོའི་ཚེས་༢༠ཨ་རིའི་གཞུང་འཛིན་གསར་པ་སླེབས་ཀྱི་ཡོད་པ་དང་། ཨ་རིའི་གཞུང་དམངས་གཉིས་ཀྱིས་ད་བར་བོད་དོན་ལ་རྒྱབ་སྐྱོར་དང་། བདེན་པ་ལ་རྒྱབ་སྐྱོར་བྱེད་བཞིན་པ་དེ་ང་ཚོའི་ངོས་ནས་རྩ་ཆེན་ལ་བརྩི་བཞིན་ཡོད། དེ་ཡིན་དུས་ང་ཚོའི་ངོས་ནས་བདམས་ཐོན་སྲིད་འཛིན་ཌོལ་ནལཌི་ཀྲོརམ་(Donald Trump)་མཆོག་གིས་དབུ་ཁྲིད་པའི་གཞུང་འཛིན་གསར་པའི་ངོས་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་བཞག་ཡོང་ཐབས་ལ་གྲོས་ཚོགས་གོང་འོག་སོགས་བརྒྱུད་ནས་འབད་བརྩོན་བྱས་དང་བྱེད་རྒྱུ་ཡིན་པ་གསུངས་བྱུང་།
གསར་འགོད་པ། དབྱངས་སྒྲོལ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།