སྒོ་ཤེས་རབ་རྒྱ་མཚོ་ལགས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་གྲོལ་གཏོང་རྒྱུའི་འབོད་སྐུལ།
ཟླ་འདིའི་སྤྱི་ཚེས་ཉེར་དྲུག་ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛི་ཡ་(Uzra Zeya)ལགས་ཀྱིས་ཁོང་གི་ཊུ་ཊར་དྲ་རྒྱའི་སྟེང་དུ་གནས་ཚུལ་སྤེལ་དོན། ལོ་ངོ་གཉིས་ཀྱི་སྔོན་ལ་རྒྱ་ནག་གཞུང་གིས་བོད་ཀྱི་དགེ་འདུན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་འཛིན་བཟུང་བྱས་ཡོད་ལ། རྗེས་སུ་མི་ལོ་༡༠བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད། ཨ་རིའི་ངོས་ནས་ཁོང་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་རྒྱ་ནག་གཞུང་གིས་གློད་གྲོལ་གཏོང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན་ལ། ང་ཚོས་བོད་མི་ཡོད་དོ་ཅོག་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་བཀོད་གནང་འདུག
རྒྱ་ནག་གཞུང་གིས་ཉེ་ལམ་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་དང་ནང་བསྟན་ཤེས་ཡོན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་སྐུ་གཟུགས་འཕྲོད་བསྟེན་གྱི་གནས་བབ་ཡག་པོ་མེད་པ་དང་། གློ་ནད་ཀྱི་ནད་གཞི་ཇེ་སྡུག་ཏུ་ཕྱིན་ཡོད་པ་འདི་ག་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་ཡོད་ལ། ཁོང་ལ་བཙོན་འཇུག་ཁྲོད་དགོས་ངེས་ཀྱི་སྨན་བཅོས་མཐུན་རྐྱེན་དུས་ཐོག་ཐོབ་ཀྱི་མེད་པ་འབྲེལ་ཡོད་བཙན་བྱོལ་དུ་ཡོད་པའི་བོད་མི་ཁག་ཅིག་གིས་ངོ་སྤྲོད་གནང་བ་ཡོད། འདིའི་ཐད་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་(Sophie Richardson)་ལགས་ཀྱིས། རྒྱ་ནག་གཞུང་གིས་བསྐྱར་དུ་ཉེས་མེད་བོད་མི་ཞིག་བཙོན་འཇུག་བྱས་ནས། ད་ཆ་ཁོང་གི་འཕྲོད་བསྟེན་གནས་བབ་ཡག་པོ་མེད་པར་ཉེན་ཁའི་གནས་སུ་ཡོད་པར་སོང་། རྒྱ་ནག་གཞུང་གིས་བསམ་ཤེས་ཀྱིས་ཁོང་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་དང་། དགོས་ངེས་ཀྱི་སྨན་བཅོས་ཀྱི་མཐུན་རྐྱེན་མཁོ་སྤྲོད་བྱ་དགོས་པའི་ཞུ་འབོད་གནང་འདུག
ད་ལྟ་ཡོ་རོབ་ཏུ་གནས་སྡོད་རྩོམ་པ་པོ་སྐྱེས་སར་ཀླུ་སྒྲུབ་ལགས་སུ་ཨེ་ཤེ་ཡ་རང་རླུང་འཕྲིན་ཁང་གིས་བཅར་འདྲི་ཞུས་སྐབས། ཁོང་གིས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་སྔོན་མ་༡༩༩༨ལོ་ནས་༢༠༠༡ལོ་བར་ལོ་གསུམ་ལྷག་རིང་རྒྱ་ནག་གིས་བཙོན་འཇུག་བྱས་པའི་སྐབས་སུ། གློ་ནད་བྱུང་ཡོད་པའི་ཐོག མཁལ་མ་ཡང་ནད་པར་གྱུར་ཡོད་པ་དང་། ཁྲག་ཤེད་མཐོ་བ་སོགས་ཀྱི་སྙུང་གཞི་སྣ་མང་ཕོག་ཡོད་པ་དང་། ཉེ་ལམ་ཁོང་རྒྱ་ནག་གཞུང་གིས་ཡང་བསྐྱར་བཙོན་འཇུག་བྱས་ཏེ་ལོ་གཅིག་ལྷག་ཕྱིན་ཡོད་ཀྱང་ནང་མི་སུ་རུང་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་པ་དང་། ཁོང་གི་སྙུང་གཞིར་དགོས་ངེས་ཀྱི་སྨན་བཅོས་མཐུན་རྐྱེན་མ་རག་པའི་དབང་གིས་དེང་སྐབས་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོར་གྱུར་ཡོད་པ་འབྲེལ་ཡོད་མི་སྣ་བརྒྱུད་ནས་ཤེས་རྟོགས་བྱུང་བ་འགྲེལ་བརྗོད་གནང་ཡོད་པ་རེད།
གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།