ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་༸སྐུའི་ཞབས་པུས་སྨན་བཅོས་ལམ་ལྷོང་བྱུང་བར་འཚམས་འདྲི་གནང་བ།
ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༢༨ ཉིན་༸སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་ལམ་ལྷོང་བྱུང་བའི་གསལ་བསྒྲགས་གནང་ཡོད་ཅིང་། འདི་ཚེས་ ༢༩ ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨུཛ་ར་ཛི་ཡ་ (Uzra Zeya) མཆོག་གིས་སྤྱི་ཚོགས་དྲ་རྒྱ་ (X) བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་གནང་འདུག

གཞན་ཡང་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་ཀྱང་སྤྱི་ཚོགས་དྲ་རྒྱ་ X བརྒྱུད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་ལམ་ལྷོང་བྱུང་བའི་གནས་ཚུལ་ཐོས་པར་དགའ་ཚོར་ཆེན་པོ་བྱུང་བ་དང་། ༸མགོན་པོ་གང་ཉིད་མཆོག་གིས་གཏིང་ཟབ་པའི་ཡོན་ཏན་བརྒྱུད་མུ་མཐུད་འཛམ་གླིང་ནང་འོད་ཟེར་སྐྲུན་བཞིན་ཡོད་པས། གང་ཉིད་མཆོག་སྐུ་ཁམས་བདེ་བའི་སྨོན་འདུན་གནང་འདུག

གཞི་རྩའི་ཕྱི་ཟླ་ ༦ ཚེས་ ༢༡ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་པུས་སྨན་བཅོས་ཆེད། བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་ཐོན་མཛད་དེ། ལྡི་ལི་དང་སུད་སི་བརྒྱུད་ཕྱི་ཚེས་ ༢༣ ཉིན་ཨ་རིར་ཞབས་སོར་བདེ་བར་འཁོད་ཡོད་པ་རེད། འདི་ཚེས་ ༢༨ ཉིན་གྱི་སྔ་དྲོར་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་ (Hospital of Special Surgery) ཞེས་ཨ་རིའི་གྲགས་ཆེ་བའི་དམིགས་བསལ་བཤག་བཅོས་སྨན་ཁང་དུ་༸སྐུའི་ཞབས་པུས་སྨན་བཅོས་དངོས་སུ་གནང་ཡོད་པ་རེད།
དེ་བཞིན་ཕྱི་ཟླ་ ༦ ཚེས་ ༢༨ ཉིན་༸གོང་ས་མཆོག་གི་སྨན་བཅོས་ལམ་ལྷོང་ཡོང་ཆེད་དུ། འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་ཙམ་མ་ཟད་མི་རིགས་འདྲ་མིན་གྱི་དད་ལྡན་པ་རྣམས་ནས་འདུ་འཛོམས་ཀྱིས། སངས་རྒྱས་སྨན་བླའི་གཟུངས་སྔགས་དང་སྨོན་ལམ། དེ་བཞིན་སྒྲོལ་མ་གསོག་སྒྲུབ་སོགས་གནང་ཡོད་ཅིང་། ༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལམ་ལྷོང་བྱུང་བའི་གནས་ཚུལ་ཐོན་པར་དད་ལྡན་མང་ཚོགས་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་དགའ་ཚོར་གྱི་རྣམ་པ་འདྲ་མིན་སྟོན་བཞིན་ཡོད་འདུག
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།