རྒྱལ་ཚོགས་ཀྱིས་བཀག་སྡོམ་མེད་པའི་ཐོག་ནས་ཤིན་ཅང་ནང་རྟོག་ཞིབ་ཐུབ་རྒྱུར་རྒྱ་ནག་དང་མཉམ་གོ་བསྡུར་བྱེད་བཞིན་ཡོད་འདུག

2021.03.29
རྒྱལ་ཚོགས་ཀྱིས་བཀག་སྡོམ་མེད་པའི་ཐོག་ནས་ཤིན་ཅང་ནང་རྟོག་ཞིབ་ཐུབ་རྒྱུར་རྒྱ་ནག་དང་མཉམ་གོ་བསྡུར་བྱེད་བཞིན་ཡོད་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨན་ཊོ་ནེའོ་(Antonio Guterres)ལགས།
Reuters

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཤིན་ཅང་ནང་གི་དངོས་ཡོད་གནས་སྟངས་རང་དབང་ལྡན་པའི་ཐོག་ནས་རྟོག་ཞིབ་ཀྱི་ཆོག་མཆན་རག་རྒྱུར་རྒྱ་གཞུང་དང་མཉམ་དུ་གོ་བསྡུར་བྱེད་བཞིན་པ་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་གསུངས་འདུག
མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་བཀག་སྡོམ་མེད་པའི་ཐོག་ནས་ཤིན་ཅང་མངའ་ཁུལ་དུ་རྟོག་ཞིབ་བྱེད་བཅུག་དགོས་ལུགས་གསུངས་ཡོད་འདུག
དེ་ཡང་རིའུ་ཊར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་༢༨གཟའ་ཉི་མའི་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨན་ཊོ་ནེའོ་(Antonio Guterres)ལགས་ཀྱིས་ཁེ་ན་ཌའི་སི་བྷེ་སི་(CBC)བརྙན་འཕྲིན་ཐོག་བཅར་འདྲིའི་སྐབས། རྒྱ་ནག་གཞུང་གིས་ཤིན་ཅང་ངམ་(Xinjiang)ཤར་ཏུར་ཀིསུ་ཐན་ནང་གི་ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་ཚོའི་ཐོག་སྡུག་སྦྱོང་གཏོང་གི་ཡོད་པའི་གནས་སྟངས་དེ་བཞིན་དངོས་ཡོད་གནས་ཚུལ་ཡིན་མིན་རྟོག་ཞིབ་ཆེད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་མཆོག་མངའ་ཁུལ་དེར་ཕེབས་ནས་སྟངས་འཛིན་དམ་དྲག་གང་ཡང་མེད་པར་རང་དབང་གི་ཐོག་ནས་རྟོག་ཞིབ་གནང་རྒྱུར་ཆོག་མཆན་སྤྲོད་དགོས་པ་རྒྱ་ནག་གཞུང་དང་མཉམ་དུ་བཀའ་བསྡུར་གནང་བཞིན་ཡོད་ལ་གང་མགྱོགས་ཐག་ཆོད་ཐུབ་པའི་རེ་བ་གནང་གི་ཡོད་ཅེས་གསུངས་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ལྕམ་(Michelle Bachelet)ལགས་ཤིན་ཅང་མངའ་ཁུལ་དུ་ཕེབས་རྒྱུ། ལོ་འདིའི་ཕྱི་ཟླ་གཉིས་པ་ནས་རྒྱ་ནག་གཞུང་ལ་ཞུས་ཡོད་ཀྱང་ད་བར་དམིགས་བསལ་ཆོག་མཆན་སྤྲད་མེད་པ་རེད།
གོང་དུ་ཞུས་པའི་ཁ་ཆེའི་ཡུ་གུར་མི་རིགས་འདུ་སྡོད་བྱེད་ཡུལ་ཆེ་ཤོས་ཤིན་ཅང་མངའ་ཁུལ་དུ། འདས་པའི་ལོ་ཤས་ནས་བཟུང་ཡུ་གུར་བ་མི་གྲངས་ས་ཡ་གཅིག་ལྷག་ཙམ་ཞིག་ཟུར་བཀག་གིས་བཙན་ཤེད་ཀྱིས་ངལ་རྩོལ་སྐུལ་འདེད་བྱེད་པ་དང་། ངལ་རྩོལ་རྭ་བ་ནས་བུད་མེད་ཚོར་བཙན་གཡེམ་བྱེད་པ། དེ་བཞིན་ཕྲུ་གུ་ཚོ་ཕ་མ་དང་ཁ་བྲལ་བཏང་བ་སོགས་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་བཏང་དང་གཏོང་བཞིན་ཡོད་ལུགས་འཛམ་གླིང་གི་རྒྱལ་ཁབ་དང་ཚོགས་སྡེ་མང་པོས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་ད་བར་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད་པ་དང་། ད་དུང་རྒྱ་ནག་གཞུང་གིས་གནད་དོན་དེའི་ཐོག་སྐྱོན་བརྗོད་བྱེད་མཁན་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཞིག་དང་། ཨ་རིའི་ཆོས་དད་རང་དབང་དོན་གཉེར་བ་འབྲེལ་ཡོད་གཉིས་ལ་ཚུར་ཉེས་ཆད་བཀེལ་ཡོད་པ་མ་ཟད། ཤིན་ཅང་དང་བོད་སོགས་མངའ་ཁུལ་གྱི་གྲངས་ཉུང་མི་རིགས་ཚོའི་ཐོག་སྡུག་སྦྱོང་གཏོང་གི་མེད་ལུགས་དང་གང་ཅིའི་ཐད་རང་དབང་ཆ་ཚང་ཡོད་ལུགས་ལན་འདེབས་བྱས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎