ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་ལ་ཉེས་ཆད་བཀེལ་བར་རྒྱ་ནག་གིས་ཁོང་ཁྲོའི་རྣམ་འགྱུར་བསྟན་འདུག

ཤར་ཏུར་ཀིསུ་ཐན་ནམ་ཤིན་ཅང་གི་རྒྱ་ནག་དམར་ཤོག་དྲུང་ཆེ་(Chen Quanguo) ༢༠༡༧
ཤར་ཏུར་ཀིསུ་ཐན་ནམ་ཤིན་ཅང་གི་རྒྱ་ནག་དམར་ཤོག་དྲུང་ཆེ་(Chen Quanguo) ༢༠༡༧ (Reuters)

རྒྱ་ནག་གཞུང་གིས་ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་མི་རིགས་ཐོག་དྲག་གནོན་བྱེད་པར་བརྟེན་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོར་ཉེས་ཆད་བཀལ་ཡོད་པ་དང་རྒྱ་ནག་གི་ཕྱོགས་ནས་དེར་ཁོང་ཁྲོ་ཆེན་པོའི་རྣམ་འགྱུར་བསྟན་འདུག
འདི་ཚེས་༢༢ཉིན་ཨ་མི་རི་ཀས་ཡང་བསྐྱར་རྒྱ་ནག་གི་དཔོན་རིགས་གཉིས་ཀྱིས་ཡུ་གུར་ཁ་ཆེ་མི་མང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་དྲག་གནོན་བྱེད་བཞིན་པར་བརྟེན་ཉེས་ཆད་གཅོད་རྒྱུ་ཡིན་པ་ཕྱིར་བསྒྲགས་བྱས་ཡོད་པ་དང་། དེ་ནི་ཡོ་རོབ་མཐུན་ཚོགས་དང་། ཁེ་ཎ་ཊ། དེ་བཞིན་དབྱིན་ཡུལ་ཐེ་བའི་མཐུན་ཕྱོགས་རྒྱལ་ཁབ་དག་གིས་གོང་ཞུས་རྒྱ་ནག་གི་དཔོན་རིགས་དེ་གཉིས་གཙོས་དཔོན་རིགས་ཁག་ཅིག་ལ་ཉེས་ཆད་བཅད་པར་མཉམ་ལས་ཀྱི་གོམ་པ་སྤོས་བ་ཡིན་ཞེས་ཨ་རིའི་ནོར་སྲིད་ལྷན་ཁང་གིས་བསྒྲགས་འདུག
དེའི་སྔོན་དུ་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཤིན་ཅང་ངམ་ཤར་ཏུར་ཀིསུ་ཐན་ནང་དྲག་གནོན་གྱི་སྲིད་ཇུས་སྤེལ་མཁན་རྒྱ་ནག་གི་དཔོན་རིགས་གཙོ་གྲས་གཉིས་ཐེ་བའི་གཞན་དཔོན་རིགས་གཉིས་བཅས་ཁྱོན་དཔོན་རིགས་བཞི་ལ་ཉེས་ཆད་གཅོད་རྒྱུའི་ཐག་གཅོད་བྱས་ཡོད།
འདི་ཚེས་༢༣རེས་གཟའ་མིག་དམར་ཉིན། རྒྱ་ནག་གཞུང་གིས་དེ་ལ་འཁོན་ལན་གྱི་ཚུལ་དུ། ཡོ་རོབ་སྤྱི་མཐུན་གྱི་གྲོས་ཚོགས་འཐུས་མི་ལྔ་དང་གཞན་ཡོ་རོབ་སྤྱི་མཐུན་གྱི་ཚོགས་སྡེ་ཁག་བཞིའི་མི་སྣ་རྣམས་རྒྱ་ནག་ནང་འཛུལ་ཞུགས་ཐོག་དམ་དྲག་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་དང་། ད་དུང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་(Qin Gang)ཡིས་ཡོ་རོབ་སྤྱི་མཐུན་གྱི་སྐུ་ཚབ་འཐུས་མིའི་ཚོགས་གཙོར། ཡོ་རོབ་སྤྱི་མཐུན་གྱིས་ཤིན་ཅང་གི་གནས་ཚུལ་རྫུན་མ་དང་དངོས་བདེན་མེད་པ་གཞི་བཞག་ནས་རྒྱ་ནག་གི་ཐོག་ཉེས་ཆད་བཀལ་བར་གཞི་མེད་པ་དང་། དེ་རྒྱུ་མཚན་ལྡན་པ་མིན་ལུགས་ངར་ཤུགས་ཆེན་པོའི་ཐོག་ནས་སྐྱོན་བརྗོད་བྱས་ཡོད་འདུག
གནས་ཚུལ་དེའི་ཐད་འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་རྒྱ་ནག་གནད་དོན་ལྷན་ཁང་གི་འགན་འཛིན་(Ilshat Hassan)ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་ནུབ་ཕྱོགས་ཡུལ་གྲུ་ཁག་གིས་གཅིག་རྗེས་གཉིས་མཐུད་དུ། རྒྱ་ནག་ལ་ཉེས་ཆད་བཅད་ཡོད་པ་དང་། དེས་རྒྱ་ནག་གཞུང་ལ་བརྡ་ལན་ཆེན་པོ་ཞིག་སྤྲད་པ་རེད། གལ་སྲིད། རྒྱ་ནག་གཞུང་གིས་མུ་མཐུད་དུ་བྱ་སྤྱོད་དེ་འདྲ་སྤེལ་ཚེ། རྒྱལ་སྤྱིའི་རྒྱལ་ཁབ་དག་གིས་མཉམ་རུབ་ཤུགས་ཆེ་ཙམ་བྱེད་རྒྱུ་ཡིན་པ་དང་། རྒྱ་ནག་གིས་དེའི་མཇུག་འབྲས་སུ་གདོང་ལེན་མང་ཙམ་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་པ་རེད་ཅེས་བརྗོད་ཡོད་པ་རེད།
ཨ་མི་རི་ཀ་དང་། དབྱིན་ཡུལ། ཨོསུ་ཁྲིརེ་ལེ་ཡ་(Australia) ཁེ་ཎ་ཊ། དེ་བཞིན་(New Zealand)བཅས་རྒྱལ་ཁབ་ལྔའི་ཕྱི་སྲིད་བློན་ཆེན་དང་མཉམ་དུ་ཟུང་འབྲེལ་ཀྱི་གསལ་བསྒྲགས་སྤེལ་བའི་ནང་། རྒྱ་ནག་གཞུང་གི་ཡིག་ཆའི་ནང་ཤེས་རྟོགས་བྱུང་བའི་གནས་ཚུལ་དང་། ཕྱི་ནས་སྲུང་སྐར་བརྒྱུད་ནས་བླངས་བའི་པར། དེ་བཞིན་དངོས་སུ་གནས་ཚུལ་མཐོང་མཁན་དང་མྱོང་མཁན་བཅས་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ནག་གཞུང་གིས་ཡུ་གུར་མི་མང་གི་ཆོས་དད་རང་དབང་དམ་དྲག་དང་། བཙན་ཤེད་ཀྱིས་ངལ་རྩོལ་བསྒྱུར་བཀོད་རྭ་བའི་ནང་བཀག་པ། བཙན་གྱིས་སྐྱེ་སྒོ་བཀག་པ་སོགས་ཀྱི་དྲག་གནོན་གྱི་ལས་གཞི་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་།
ཉེ་ལམ་ཨ་རིའི་(Alaska)ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་གི་དཔོན་རིགས་ཚོར་བོད་ཀྱི་གནད་དོན་ཐོག་བློ་འཚབ་ཡོད་པ་བརྗོད་འདུག་ལ། དེ་བཞིན་ཉེ་དུས་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་ཐོག་ཏུའང་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པར་རྒྱལ་ཁབ་ཁག་ནས་སྐྱོན་བརྗོད་བྱས་ཡོད་པ་རེད།
དེའི་སྔོན་ཕྱི་ཟླ་༣ ཚེས་༡༧ཉིན། ཨ་རིའི་སྲིད་འཛིན་སྐུ་ཞབས་འཇཱོ་སྦཡེ་ཌེན་(Joe Biden)གཞུང་འཛིན་གྱིས་ཧོང་ཀོང་ནང་ཆབ་སྲིད་ཀྱི་རང་དབང་ཐོག་ལ་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་མཁན་གྱི་རྒྱ་ནག་གི་དཔོན་རིགས་དང་ཧོང་ཀོང་གི་དཔོན་རིགས་༢༤ལ་ཉེས་ཆད་བཀེལ་ཡོད་པ་དང་། དེ་བཞིན་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཀྱང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་གཞུང་གི་དཔོན་རིགས་ཚོ་མིང་གཞུང་ནག་པོའི་ནང་འཇུག་རྒྱུའི་མོས་མཐུན་གནང་ཡོད་པ་དང་། དེ་ནི་སྤྱི་ལོ་༡༩༨༩ལོར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། རྒྱ་ནག་གཞུང་གིས་སློབ་ཕྲུག་ཚོར་དྲག་གནོན་བྱས་ནས་མང་པོ་དམར་གསོད་བཏང་བའི་སྐབས་དེར། ཡོ་རོབ་མཐུན་ཚོགས་ངོས་ནས་རྒྱ་ནག་ལ་གོ་མཚོན་ཕྱིར་ཚོང་བྱེད་རྒྱུའི་བཀག་རྒྱ་བསྡམས་པ་ནས་བཟུང་། འདས་པའི་ལོ་ངོ་སུམ་ཅུའི་རིང་། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་ལ་བསྡམས་པའི་བཀག་རྒྱ་ཐོག་མ་དེ་ཡིན་པ་རེད།
དེ་སྔོན་ཕྱི་ལོ་༢༠༢༠ལོའི་ནང་ཨ་རིའི་སྲིད་འཛིན་གོང་མ་(Trump)གྱི་གཞུང་འཛིན་སྐབས་ཨ་མི་རི་ཀས་རྒྱ་ནག་གི་དཔོན་རིགས་མང་པོར་ཉེས་ཆད་བཀེལ་མྱོང་ཡོད་པ་རེད།