ཨ་རིས་ཐེ་ཝན་དང་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུ་ཡིན་པ་སྲིད་འཛིན་གཞོན་པས་གསུང་འདུག

དེ་ཡང་ཐེ་པེ་དུས་བབ་ཀྱིས་གནས་ཚུལ་སྤེལ་དོན་ལ་གཞིགས་ན། འདི་ཚེས་༢༩ཉིན་ཨ་རིའི་སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རིསི་(Kamala Harris)་ཡིས་ཉི་ཧོང་གི་ཡོ་ཀོ་སུ་ཀཱ་(Yokosuka)་ཨ་རིའི་མཚོ་དམག་གི་རྟེན་གཞིར་ཡོད་པའི་(USS Howard)་ཞེས་པའི་འཐབ་འཛིང་དམག་གྲུའི་སྟེང་གཏམ་བཤད་གནང་སྐབས། ཨ་རིའི་དམག་དཔུང་གིས་མངའ་ཁུལ་དེའི་ནང་ཞུམ་པ་མེད་པའི་སྒོ་ནས་དམག་མིའི་ལས་དོན་སྤེལ་རྒྱུ་ཡིན་ཅེས་གསུངས་པ་དང་སྦྲགས། ཨ་རིའི་འཛིན་སྐྱོང་གི་ངོས་ནས་ཐེ་ཝན་དང་མཉམ་དུ་གཞུང་འབྲེལ་མ་ཡིན་པའི་ངོ་བོའི་ཐོག་ནས་འབྲེལ་ལམ་གཏིང་ཟབ་ཏུ་གཏོང་རྒྱུའི་འདུན་པ་ཡོད་ཚུལ་གསུང་ཡོད་པ་དང་། གཏམ་བཤད་འདི་ནི་བསམ་བཞིན་དུ་རྒྱ་ནག་ལ་ཁ་གཏད་ནས་ཉེན་བརྡ་བཏང་བ་ཞིག་ཡིན་པ་རོའུ་ཊར་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་འདུག
ད་དུང་ཁོང་མོས་གཏམ་བཤད་སྐབས། ཐེ་ཝན་གྱི་མང་གཙོའི་གསོན་ཤུགས་ཀྱིས་འཕྲུལ་རིག་ནས་འཕྲོད་བསྟེན་དང་། དེ་ལས་བརྒལ་བ་འཛམ་བུ་གླིང་འདིར་ལག་སྐྱེས་ཕུལ་ཡོད་ཅེས་གསུངས་པ་མཉམ་དུ་པེ་ཅིན་ཕྱོགས་ནས་མཚོ་ཐོག་གི་རང་དབང་ལ་འགྲན་སློང་བ་དང་། དམག་གི་སྟོབས་ཤུགས་ངོམ་པ་དང་དཔལ་འབྱོར་གྱི་གནོན་ཤུགས་འོག་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དངངས་སྐྲག་སློང་གི་ཡོད་པ་གསལ་སྟོན་བྱས་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱས་པ་དང་། དུས་མཚུངས་ཐེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ནི། རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་རང་དབང་དང་གུ་ཡངས་ཀྱི་ཁོར་ཡུག་བསྐྲུན་པར་དགོས་ངེས་ཆགས་ཡོད་པར་ཨ་རིའི་ཕྱོགས་ནས་ཡིད་ཆེས་གནང་གི་ཡོད་ཅེས་གསུངས་འདུག
རྒྱ་ནག་གཞུང་གིས་ཐེ་ཝན་ལ་དམིགས་ནས་ཡུལ་དེའི་དམག་དོན་དང་དཔལ་འབྱོར་གྱི་ཤུགས་རྐྱེན་རྒྱ་བསྐྱེད་གཏོང་བཞིན་པར་ཨ་རིའི་ཕྱོགས་ལ་སེམས་འཁུར་སློང་གཞི་ཆགས་ཡོད་འདུག སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རིསི་ཡིས་ཉིན་བཞིའི་རིང་ཉི་ཧོང་དང་ལྷོ་ཀོ་རི་ཡར་འཚམས་གཟིགས་དང་འབྲེལ་ནས་མངའ་ཁུལ་དེའི་ནང་རང་གི་མཐུན་ཕྱོགས་ཡུལ་གྲུ་ཁག་ལ་ཨ་རིའི་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པ་ཞིག་རེད་འདུག
གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།