རྒྱ་ནག་གཞུང་གིས་རྡུལ་ཕྲན་མཚོན་ཆ་བཟོས་གྲངས་ཨ་རིའི་ཚོད་དཔག་ལས་བརྒལ་ཡོད་བའི་སྙན་ཐོ་བཏོན་འདུག

2023.10.20
རྒྱ་ནག་གཞུང་གིས་རྡུལ་ཕྲན་མཚོན་ཆ་བཟོས་གྲངས་ཨ་རིའི་ཚོད་དཔག་ལས་བརྒལ་ཡོད་བའི་སྙན་ཐོ་བཏོན་འདུག ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་བཏོན་པའི་རྒྱ་ནག་གི་དམག་ཤུགས་སྐོར་གྱི་ལོ་འཁོར་སྙན་ཐོའི་མདུན་ཤོག
U.S. Department of Defense

དེ་ཡང་ཨ་རིའི་རྒྱལ་སྲུང་ལྷན་ཁང་(U.S. Department of Defense)་གིས་ཕྱི་ཟླ་༡༠པའི་ཚེས་༡༩འི་ཉིན། རྒྱ་ནག་གི་དམག་ཤུགས་སྐོར་གྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་ནས། ད་ལྟ་རྒྱ་ནག་ལ་རྡུལ་ཕྲན་མཚོན་ཆའི་མདེལ་༥༠༠ལྷག་ཡོད་པ་དང་། ༢༠༣༠ལོའི་སྔོན་དུ་མདེལ་༡༠༠༠ ལས་བརྒལ་སྲིད་པ་མ་ཟད། ད་ལྟ་རྒྱ་ནག་གི་དམག་དོན་རྒྱ་བསྐྱེད་ཀྱི་གཞི་རྒྱ་སོགས་བཤད་མི་ཤེས་པ་ཞིག་ཡིན་པས་ཨ་རིའི་དོ་ཁུར་བྱེད་བཞིན་ཡོད་པ་དང་། གལ་ཏེ་ཐེ་ཝན་མཚོ་འགག་ཏུ་དམག་འཁྲུག་ལངས་ཚེ་ཕྱི་རྒྱལ་གྱི་དམག་རོགས་བྱེད་རྒྱུར་འཇིགས་སྐུལ་བྱས་ནས་དམག་རོགས་འགོག་རྒྱུའི་ནུས་པ་ཡོད་པ་བཀོད་འདུག
རྒྱ་ནག་གི་རྡུལ་ཕྲན་མཚོན་ཆའི་ལས་གཞི་ཤུགས་ཆེར་སྤེལ་དོན་ནི། ཐེ་ཝན་མཚོ་འགག་གི་དམག་འཁྲུག་ལ་དམིགས་ཡོད་པ་དང་། ཕྱིའི་རྒྱལ་ཁབ་ཚོས་ཐེ་ཝན་དམག་འཁྲུག་ནང་ཞུགས་རྒྱུའི་ཐག་གཅོད་ཇེ་རིང་ལ་བཏང་ནས་ཐེ་ཝན་གླིང་ཕྲན་ལ་རྒོལ་བའི་དུས་ཡུན་རིང་ཙམ་བསྐྲུན་ཆེད་ཡིན་པ་ཐེ་ཝན་སོགས་ཀྱི་གནད་དོན་དབྱེ་ཞིབ་པས་ངོས་འཛིན་བྱེད་བཞིན་པ་ཡང་བཀོད་འདུག
ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་རྒྱ་ནག་སྐོར་གྱི་སྙན་ཐོའི་ནང་། ༢༠༢༡ལོར་རྒྱ་ནག་ལ་རྡུལ་ཕྲན་མཚོན་ཆའི་མདེལ་༤༠༠ཡོད་པ་དང་། ད་ལོའི་ཟླ་ལྔ་པའི་བར་༡༠༠ ཇེ་མང་ལ་སོང་། དོན་དངོས་སུ་ག་ཚོད་ཅིག་ཡོད་པའི་གྲངས་ཀ་དེ་གཅིག་བགྱིས་ན་ཨ་རིའི་ཚོད་དཔག་ལས་བརྒལ་སྲིད་པ་རེད། ༢༠༣༠ལོར་རྒྱ་ནག་གི་རྡུལ་ཕྲན་མཚོན་ཆའི་མདེལ་༡༠༠༠་ལས་བརྒལ་རྒྱུ་རེད་ཅེས་བཀོད་འདུག
ད་ལྟ་ཨ་མི་རི་ཀར་རྡུལ་ཕྲན་མཚོན་ཆའི་མདེལ་༣༧༠༠ཡོད་ལ། ར་ཤེ་ཡར་༤༤༨༩ཡོད་པ་རེད།
རྡུལ་ཕྲན་མཚོན་ཆ་ལས་གཞན། རྒྱ་ནག་གི་མཚོ་དམག་ལ་དམག་འཐབ་གྲུ་གཟིངས་༣༧༠ཡོད་པ་དང་། དེས་མ་ཚད་རྒྱ་ནག་གིས་ཨ་རིའི་ས་ཐོག་ལ་སྙོབ་ཐུབ་པའི་སྒྱོགས་མདེལ་རིགས་གསར་གཏོད་བྱས་དང་བྱེད་བཞིན་པ་མ་ཟད། ཨ་རིའི་མ་ལག་ཁག་གིས་སྔ་ས་ནས་ཤེས་ཚོར་བྱེད་དཀའ་བ་ཡིན་ཚུལ་ཉེན་བརྡ་བརྒྱབས་ཡོད་པ་རེད།
རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཉིན་གྱིས་ཚེས་༢༠འི་ཉིན་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཨ་རིའི་སྙན་ཐོ་དེ་རིགས་ནི་དངོས་ཡོད་གནས་ཚུལ་ལ་འཁྱོག་བཤད་བྱས་པ་མ་ཟད། རྒྱ་ནག་འཇིགས་སྐུལ་ཡིན་པའི་ལངས་ཕྱོགས་བཟུང་འདུག རྒྱ་ནག་ལ་རྡུལ་ཕྲན་མཚོན་ཆ་འགྲན་བསྡུར་བྱེད་འདོད་མེད་ཅེས་བཤད་འདུག


གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎