རྒྱ་ནག་མི་དམངས་ཉིན་རེའི་ཚགས་ཤོག་གིས་ཨ་རིའི་གཞུང་ཚབ་ཆེན་མོའི་ཆེད་རྩོམ་ཞིག་བཀོད་སྤེལ་ཁས་ལེན་བྱས་མེད་པ་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གསུང་འདུག
དེ་ཡང་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་དགུ་པའི་ཚེས་༩་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་མཆོག་གིས་གསུངས་ན། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོས་རྒྱ་ནག་གཞུང་འབྲེལ་མི་དམངས་ཉིན་རེའི་ཚགས་ཤོག་གི་རྩོམ་སྒྲིག་པའི་གླེང་བརྗོད་ཀྱི་མདུན་ཤོག་ཆེད་ཆེད་རྩོམ་ཞིག་བྲིས་ཡོད་པར། ཚགས་ཤོག་དེའི་ཐོག་བཀོད་སྤེལ་བྱ་རྒྱུར་ཁས་ལེན་བྱས་མེད་པ་རེད། ཡིན་ནའི་རྒྱ་ནག་གི་དཔོན་རིགས་ཚོས་ཨ་རིའི་གསར་འགྱུར་བརྒྱུད་ལམ་ཐོག་རང་དབང་ཐོག་ནས་རང་ཉིད་ཀྱི་བསམ་ཚུལ་བརྗོད་མཆོག་གི་ཡོད་པ་རེད་ཅེས་གསུང་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་དེ་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པའི་ནང་། རྒྱ་ནག་གཞུང་འབྲེལ་མི་དམངས་ཉིན་རེའི་ཚགས་ཤོག་གི་བྱ་སྤྱོད་དེའི་ཐོག་ནས་རྒྱ་ནག་དམར་ཤོག་གཞུང་གིས་སྨྲ་བརྗོད་རང་དབང་དང་། ཤེས་ལྡན་མི་སྣ་ཚོས་རང་དབང་གི་གྲོས་མོལ་བྱ་རྒྱུ་སོགས་ཀྱི་ཐད་ཞེད་སྣང་ཡོད་པ་གསལ་པོ་མཚོན་ཐུབ་རྒྱུ་ཡོད་པའི་ཁར། པེ་ཅིན་གཞུང་གིས་རྒྱལ་ཁབ་གཞན་གྱིས་རྒྱ་ནག་ཐོག་དྲང་བདེན་དང་གཅིག་འཚུངས་ཀྱི་རྣམ་འགྱུར་འཛིན་གྱི་མེད་ལུགས་ཀྱི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དེ་ནི་རྫུན་གཏམ་ཡིན་པ་ར་སྤྲོད་ཐུབ་རྒྱུ་ཡིན་པའི་སྐོར་སོགས་བཀོད་ཡོད་འདུག
རྒྱ་ནག་གཞུང་འབྲེལ་མི་དམངས་ཉིན་རེའི་ཚགས་ཤོག་གིས། ཨ་རིའི་གཞུང་ཚབ་ཆེན་མོས་ཚགས་པར་དེའི་རྩོམ་སྒྲིག་པའི་གླེང་བརྗོད་ཆེད་བྲིས་བའི་རྩོམ་དེ་བཞིན་བཀོད་སྤེལ་བྱ་རྒྱུར་ཁས་ལེན་བྱེད་མ་ཐུབ་པའི་ཐག་གཅོད་བྱས་པ་དེ། ཨ་རི་གཞུང་གིས་རྒྱ་ནག་གི་མི་སེར་༡༠༠༠་ཙམ་ལ་ཐོངས་མཆན་སྤྲོད་རྒྱུ་ཕྱིར་འཐེན་གནང་བའི་རྗེས་བྱུང་བ་ཞིག་ཡིན་པ་དང་། གོང་ཞུས་ཨ་རིས་མཐོང་ཆན་སྤྲོད་རྒྱུ་ཕྱིར་འཐེན་གནང་རྒྱུའི་རྒྱ་ནག་གི་མི་སེར་ཟེར་བ་དེ་དག་ནི། རྒྱ་ནག་གི་དམག་དཔུང་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་སློབ་ཕྲུག་དང་ཞིབ་འཇུག་པ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་(Terry Branstad)་མཆོག་གིས་འདྲ་མཉམ་གྱི་འབྲེལ་ལམ་ཐོག་ནས་འབྲེལ་ལམ་སླར་གསོ་བྱ་དགོས་པ་ཞེས་འགོ་བརྗོད་དུ་འཁོད་པའི་རྩོམ་སྒྲིག་པའི་གླེང་བརྗོད་ཆེད་རྩོམ་དེའི་ནང་། ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་གཅིག་མཚུངས་མེད་པ་བཏོན་གནང་ཡོད་པ་དང་འབྲེལ། ཨ་རིའི་ཚོང་དོན་ལས་ཁང་དང་གསར་འགོད་པ། ཕྱི་འབྲེལ་མི་སྣ་དང་དམངས་ཁྲོད་ཀྱི་མི་སྣ་སོགས་ལ་རྒྱ་ནག་གཞུང་གིས་དྲང་བདེན་བྱེད་ཀྱི་མེད་པའི་སྐོར་གསུངས་འདུག
རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་ན་ནིང་བོད་ནང་འཚམས་གཟིགས་སུ་ཕེབས་ཐུབ་ཡོད་པ་རེད། ཡིན་ནའི་བོད་ནང་ཕེབས་རིང་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣའི་ཕེབས་རོགས་འོག་མ་ཏོག་རང་དབང་ཐོག་ནས་འཚམས་གཟིགས་གནང་རྒྱུའི་གོ་སྐབས་བྱུང་མེད་ཅིང་། དེ་བཞིན་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཕྱི་འབྲེལ་མི་སྣ་དང་གསར་འགོད་པ་མཐའ་ན་མི་སེར་དཀྱུས་མ་ཚོ་བོད་ནང་བསྐྱོད་རྒྱུར་ཡང་དམ་དྲག་ཧ་ཅང་ནན་པོ་བྱེད་བཞིན་ཡོད་པ་རེད།
0:00 / 0:00