ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་པེ་ཅིང་དུ་རྒྱ་ནག་གི་འགོ་ཁྲིད་ཁག་དང་མཉམ་བོད་དོན་གླེང་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྦིལན་ཀེན་གཉིས་པེ་ཅིང་དུ་མཇལ་འཕྲད་གནང་ཡོད་པ་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་ཁག་དང་མཉམ་བོད་དང་ཡུ་གུར་སོགས་ཀྱི་གནད་དོན་གླེང་འདུག
- 2023-06-19
-
-
-
Your browser doesn’t support HTML5 audio
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་སྦིལན་ཀེན་(Antony Blinken)་མཆོག་གིས་རྒྱ་ནག་པེ་ཅིང་དུ་ཉིན་གཉིས་རིང་གཞུང་འབྲེལ་འཚམས་གཟིགས་གནང་བ་དང་། དེའི་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཕྱི་སྲིད་བློན་ཆེན་བཅས་དང་མཇལ་འཕྲད་གནང་བ་སོགས་ཀྱི་རྗེས། འདི་ཚེས་༡༩ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་དེ་འབྲེལ་གྱི་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་སྦིལན་ཀེན་(Antony Blinken)་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཙོས་པའི་རྒྱ་ནག་གི་འགོ་ཁྲིད་ཁག་ཅིག་དང་མཇལ་འཕྲད་སྐབས། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་དང་། ཡང་སྒོས་སེམས་ཚབས་སྐྱེས་དགོས་སའི་མི་སྒེར་ཁག་ཅིག་གི་གནད་དོན་སྐོར་གླེང་སློང་བྱས་ནས། ཨ་རིས་འགྲོ་བ་མིའི་ཐོང་ཐང་དང་ཨ་རིའི་རིན་ཐང་རྟག་ཏུ་བརྟན་སྲུང་རྒྱུན་འཛིན་བྱ་རྒྱུ་ཡིན་པ་ནན་བརྗོད་གནང་ཡོད་པ་སོགས་གསལ་འདོན་བྱས་ཡོད་པ་རེད།
གཞན་རྒྱལ་སྤྱིའི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་སྦིལན་ཀེན་(Antony Blinken)་གྱིས་རྒྱ་ནག་ནང་ཉིན་གཉིས་ཀྱི་རྒྱལ་དོན་འཚམས་གཟིགས་གནང་བའི་ཉིན་མཐའ་མ་འདི་ཚེས་༡༩ཉིན་རྒྱབ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་རྒྱ་ནག་གི་མི་དམངས་འཐུས་མི་ཚོགས་ཁང་ཆེན་མོ་རུ་མཇལ་འཕྲད་གནང་ནས། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སླར་གསོ་བྱེད་རྒྱུར་མོས་མཐུན་གནང་འདུག
མཇལ་མོལ་སྐབས་སུ་ཞི་ཅིན་ཕིན་གྱིས། སྟོབས་འབྱོར་ཆེ་བའི་ཨ་རི་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱིས་འབྲེལ་ལམ་ཐད་དཀའ་ངལ་འདྲ་མིན་ཡོད་པ་ཁག་སེལ་ཐབས་བྱས་ན། ཕན་ཚུན་མཐུན་ཐབས་ཀྱི་ལམ་ཁ་དེ་རྙེད་ཐུབ་ཀྱི་རེད་ཅེས་དང་། ཨ་རིའི་ངོས་ནས་རྒྱུ་མཚན་ལྡན་པ་དང་ལྷག་བསམ་རྣམ་དག་བྱས་ནས་ང་ཚོ་ཁ་ཕྱོགས་གཅིག་གི་ཐོག་བསྐྱོད་ཐུབ་རྒྱུ་ཡིན་སྐོར་གསུངས་ཡོད་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་མཇལ་མོལ་སྐབས། ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་མཆོག་གིས་ཨ་རི་དང་རྒྱ་ནག་གཉིས་ཀར་རྒྱལ་ཁབ་བར་གྱི་འབྲེལ་བ་དོ་དམ་བཟང་པོ་བྱེད་རྒྱུའི་འོས་འགན་ཡོད་པའི་དགོངས་པ་ལྟར་དུ་ལག་བསྟར་བྱེད་བཞིན་ཡོད་པ་སོགས་བཤད་ནས་ཕྱོགས་གཉིས་ཀས་འབྲེལ་ལམ་སླར་གསོ་བྱེད་རྒྱུར་མོས་མཐུན་དང་བཅས་ཉེ་བའི་ལོ་ཤས་ནང་ཨ་རི་དང་རྒྱ་ནག་བར་ཆེས་དཀོན་ཞིང་གལ་གནད་ཧ་ཅང་ཆེ་བའི་གཟིགས་སྐོར་དེ་མཇུག་བསྡོམས་བྱས་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་སྲིད་འཛིན་ཞི་ཅིན་ཕིན་དང་མཇལ་འཕྲད་མ་བྱས་གོང་། རྒྱ་ནག་གི་ཕྱི་འབྲེལ་དཔོན་རིགས་མཐོ་ཤོས་ཝང་ཡེ་དང་མཇལ་འཕྲད་གནང་ཡོད་པ་དང་། ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། རེས་གཟའ་ཉི་མའི་ཉིན་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། ཕྱི་སྲིད་དྲུང་ཆེ་མཆོག་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་བར་གྱི་གྲོས་མོལ་ནི་ལྷག་བསམ་དང་དགེ་མཚན་ལྡན་པ། དོན་དང་ལྡན་པ་བྱུང་ལུགས་གསལ་འདུག དེ་བཞིན་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཐོག་ལའང་ཨ་མི་རི་ཀ་དང་རྒྱ་ནག་ཕན་ཚུན་གྱི་འབྲེལ་ལམ་དང་འབྲེལ་ཡོད་གལ་ཆེའི་གནད་དོན་ཁག་གི་ཐོག་ལ་ལྷག་བསམ་དང་ཆ་ཚང་བ་ནུས་པ་ལྡན་པའི་གྲོས་མོལ་བྱུང་ལུགས་བཤད་ཡོད་པ་རེད།
གྲོས་མོལ་ནང་ཕྱོགས་གཉིས་ཀྱི་མི་སེར་ཚོ་ཕར་ཚུར་འགྲུལ་བསྐྱོད་སྟབས་བདེ་བཟོ་རྒྱུའི་གལ་གནད་སྐོར་དང་། ཨ་རི་དང་རྒྱ་ནག་གཉིས་བར་འགྲུལ་བསྐྱེལ་གནམ་གྲུ་འཕུར་བསྐྱོད་མང་དུ་གཏོང་རྒྱུ། དེ་བཞིན་འབྲེལ་ལམ་སྲ་བརྟན་ཏུ་གཏོང་ཆེད་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཨ་རིའི་ནང་གཟིགས་སྐོར་དུ་ཕེབས་ནས་གྲོས་མོལ་མུ་མཐུད་དུ་མཇུག་སྐྱོང་ཡོང་རྒྱུ་སོགས་ཀྱི་མོས་མཐུན་བྱུང་ཡོད་འདུག
གནད་དོན་དབྱེ་ཞིབ་པའི་ཁྲོད། ད་ཐེངས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་འཚམས་གཟིགས་དེ་ཡ་ཡུད་ཆེན་པོ་ཞིག་དང་རེ་བ་ཆེར་མེད་པ་ཞིག་ཏུ་ངོས་འཛིན་གནང་མཁན་བྱུང་ཡང་། སྲིད་འཛིན་ཞི་ཅིན་ཕིན་གྱིས་མཇལ་འཕྲད་བྱས་བ་དེ་ནི་ཡར་རྒྱས་ཀྱི་རྣམ་པ་ཡིན་པའི་བསྔགས་བརྗོད་མཁན་འདུག
ཚེས་༡༩རེས་གཟའ་ཟླ་བའི་ཉིན། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་མཆོག་གིས། རྒྱ་ནག་གི་སྲིད་འཛིན་(Xi Jinping)་དང་མཇལ་འཕྲད་རྗེས་གསར་འགོད་པར། ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱི་ངོས་ནས་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་དུ་གཏོང་དགོས་ངེས་ཡིན་པའི་ཐོག་ལ་མོས་མཐུན་བྱུང་བ་དང་། རྒྱ་ནག་གཞུང་གིས་གདོང་ལེན་བྱེད་བཞིན་པའི་གནད་དོན་ཐད་ཨ་མི་རི་ཀའི་ངོས་ནས་གསལ་པོ་ཤེས་རྟོགས་ཡོད་ལུགས་དང་། འབྱུང་འགྱུར་གྱི་གཟའ་འཁོར་འགའ་ཤས་ནང་ཨ་མི་རི་ཀའི་མཐོ་རིམ་དཔོན་རིགས་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་པའི་རེ་བ་ཡོད། ཨ་རི་དང་རྒྱ་ནག་གི་འབྲེལ་བ་བརྟན་བརླིང་ཡིན་དགོས། ཆབས་ཅིག་ཏུ་ཕྱོགས་གཉིས་བར་ཡོད་བཞིན་པའི་འགལ་ཟླ་ཆེན་པོ་ལའང་ངེས་ཤེས་གསལ་བོ་ཡོད་དགོས། ཆེས་མཐོའི་དབུ་ཁྲིད་མཇལ་མོལ་དང་འབྲེལ་འདྲིས་བྱེད་རྒྱུ་ནི་འོས་འགན་ཁུར་དུ་བླངས་ནས་འགལ་ཟླ་སེལ་ཐབས་དང་འགྲན་རྩོད་དེ་འཁྲུག་འཛིང་དུ་མི་འགྱུར་རྒྱུའི་ཐབས་ལམ་ཡག་ཤོས་དེ་ཡིན་པ་སོགས་ནན་བརྗོད་གནང་འདུག
གསར་ལམ་ཁག་གི་གནས་ཚུལ་ལྟར་ན། ད་རེས་རྒྱ་ནག་གི་སྲིད་འཛིན་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཉིས་ཀྱི་མཇལ་འཕྲད་དེའི་དམིགས་ཡུལ་གཙོ་བོ་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ལ་དཀའ་ཁག་མང་དག་ཞིག་ཡོད་པ་དག་ཇེ་སྡུག་ཏུ་མི་འགྲོ་བར་སེལ་ཐབས་ཆེད་དུ་ཡིན་པ་མ་ཟད། ལོ་འདིའི་ལོ་མཇུག་ཏུ་རྒྱ་ནག་གི་སྲིད་འཛིན་དང་ཨ་རིའི་སྲིད་འཛིན་གཉིས་མཇལ་འཕྲད་ཡོངས་ཐབས་ཀྱི་མཐུན་རྐྱེན་དུ་འགྱུར་རྒྱུར་རེ་བ་ཡོད་པ་རེད་འདུག
གསར་འགོད་པ། གཡུ་སྒྲོན། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།