ཨ་མི་རི་ཀས་རྒྱ་ནག་དང་ར་ཤེ་ཡར་དམིགས་ནས་བདེ་སྲུང་སྔོན་རྩིས་སྤར་འཆར་འདུག

ཨ་མི་རི་ཀའི་གཞུང་གིས་ཕྱི་ལོ་༢༠༢༣ལོའི་བདེ་སྲུང་གི་སྔོན་རྩིས་འཆར་གཞིའི་ནང་དངུལ་འབོར་སྤར་གནང་བ་དེ་གཙོ་བོ་རྒྱ་ནག་དང་ར་ཤེ་ཡར་དམིགས་པ་ཞིག་ཆགས་ཀྱི་ཡོད་འདུག

ཨ་མི་རི་ཀའི་སྲིད་འཛིན་(Biden)་གྱིས་པོ་ལེན་ཊིའི་ནང་གི་ཨ་རིའི་དམག་མི་ཚོར་མཇལ་འཕྲད་སྐབས། ༠༣།༢༥།༢༠༢༢ AFP

དེ་ཡང་ཨ་མི་རི་ཀའི་ཕྱི་ལོ་༢༠༢༣ལོའི་བདེ་སྲུང་གི་དངུལ་རྩིས་འཆར་གཞིའི་ནང་དངུལ་འབོར་ཨ་སྒོར་ཐེར་འབུམ་༨༡༣གཏོང་རྒྱུའི་འཆར་གཞི་དེ་ནི་ཨ་སྒོར་ཐེར་འབུམ་༣༡གི་མང་བ་བརྒྱ་ཆ་བཞི་སྤར་ཡོད་པ་རེད། གནས་ཚུལ་ནང་གསལ་ལྟར་ན། ཨ་མི་རི་ཀའི་སྲིད་འཛིན་(Joe Biden)་གཞུང་གི་བདེ་སྲུང་ཐོག་གི་དངུལ་རྩིས་འཆར་གཞི་དེ་གཙོ་བོ་རྒྱ་ནག་ལ་ཁ་གཏད་གཅོག་ཆེད་དམིགས་པ་ཞིག་དང་། ཉེ་ལམ་ར་ཤེ་ཡས་ཡུཀ་རེན་ནང་བཙན་འཛུལ་བྱས་པའི་རྐྱེན་གྱིས་ཡོ་རོབ་ཀྱི་བདེ་འཇགས་ཀྱི་གནས་བབ་གཏན་དུ་གཏོང་ཆེད་དམིགས་ཡོད་པ་རེད་འདུག ཨ་མི་རི་ཀའི་བདེ་སྲུང་གི་དངུལ་རྩིས་ཐོག་གི་འགྲོ་གྲོན་ཁག་གཙོ་བོ་ཨ་མི་རི་ཀའི་ས་མཚོ་གནམ་གསུམ་གྱི་དམག་དཔུང་ཁག་དེང་རབས་ཅན་དུ་བསྒྱུར་རྒྱུར་ཡང་དམིགས་ཡོད་པ་དང་། འགྲོ་གྲོན་ཁག་ཕལ་ཆེ་བ་དམག་གི་གནམ་གྲུ་མཁོ་སྒྲུབ་དང་མཚོ་འོག་གི་དམག་གྲུ་མཁོ་སྒྲུབ། དྲག་པོའི་དམག་དཔུང་རྣམས་ཀྱི་གླ་ཕོགས་སྤར་ཆ་གནང་རྒྱུ་སོགས་ཚུད་ཡོད་པ་རེད།
དེ་བཞིན་ཨ་མི་རི་ཀའི་ཕྱི་ལོ་༢༠༢༣ལོའི་བདེ་སྲུང་གི་དངུལ་རྩིས་འཆར་གཞིའི་ནང་གོ་མཚོན་ཁག་གསར་བཟོའི་ཐོག་ཞིབ་འཇུག་དང་ཡར་རྒྱས་གཏོང་རྒྱུའི་ཆེད་འགྲོ་གྲོན་གང་མཚམས་ཤིག་གཏོང་གནང་རྒྱུའི་འཆར་གཞི་ཡོད་པ་རེད་འདུག
གཞན་ཡང་ཨ་མི་རི་ཀའི་བདེ་སྲུང་གི་དངུལ་རྩིས་འཆར་གཞི་དེའི་ནང་ར་ཤེ་ཡས་ཡུཀ་རེན་ནང་བཙན་འཛུལ་བྱས་པའི་རྐྱེན་གྱིས་ཡོ་རོབ་ཀྱི་སྲུང་སྐྱོབ་གནས་བབ་དམ་དུ་གཏོང་ཆེད་དངུལ་མ་གནས་ཨ་སྒོར་ཐེར་འབུམ་དྲུག་དང་ས་ཡ་དགུ་བརྒྱ་འགྲོ་གྲོན་གཏོང་ཆེད་དམིགས་ནས་བཞག་ཡོད་པ་རེད་འདུག
གཞན་ད་ལྟ་རང་(CNN)་སོགས་རྒྱལ་སྤྱིའི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ཚེས་༢༩་ཉིན་ཡུཀ་རེན་དང་ར་ཤེ་ཡའི་སྐུ་ཚབ་བར་ཏུར་ཀེ་(Turkey)་ནང་ཞི་བའི་གྲོས་མོལ་འཕྲོས་སྐྱོང་བྱས་རྗེས། ར་ཤེ་ཡའི་ཕྱོགས་ནས་ཡུཀ་རེན་གྱི་གྲོང་ཁྱེར་(Kyiv)་དང་(Chernihiv)་ཉེ་འཁོར་གྱི་དམག་གི་འགུལ་བསྐྱོད་ཉུང་དུ་གཏོང་རྒྱུ་ཡིན་པ་ར་ཤེ་ཡའི་བདེ་སྲུང་ལས་ཁུངས་ནས་ཐག་གཅོད་བྱུང་ཡོད་ཚུལ་ར་ཤེ་ཡའི་བདེ་སྲུང་བློན་ཆེན་གཞོན་པས་བརྗོད་ཡོད་འདུག ཡིན་ན་ཡང་གྲོས་མོལ་གྱི་མཇུག་འབྲས་ཞིབ་ཕྲ་ད་དུང་གསལ་བོ་མེད་པ་རེད།
གཞན་འདི་ཚེས་༢༨་རེས་གཟའ་ཟླ་བ་ཉིན། ཨ་མི་རི་ཀའི་གྲོས་ཚོགས་གོང་མས་ཚད་མཐོའི་ཚན་རིག་གི་ཞིབ་འཇུག་དང་དངོས་ཟོག་བཟོ་བསྐྲུན་གྱི་ཁྲིམས་གཞི་ཞིག་གཏན་འབེབས་གནང་ཡོད་པ་དང་། དེས་རྒྱ་ནག་གི་ཤུགས་རྐྱེན་འགོག་ཐབས་སུ་ཕན་ཐོགས་ཡོང་རྒྱུ་ཡིན་པ་གནས་ཚུལ་སྤེལ་འདུག

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org