ཨ་རིའི་གྲོས་ཚོཊ་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་གནང་སོང་།

2024.04.16

དེ་ཡང་འདི་ཚེས་༡༦ཉིན་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ཨང་(S.138 Promoting a Resolution to the Tibet-China Dispute Act)་ངོ་སྤྲོད་གནང་རྗེས་ཁྲིམས་འཆར་དེ་སྤྱི་མོས་ཀྱི་རྒྱབ་སྐྱོར་གཏན་འབེབས་བྱུང་སོང་ལ། རིམ་པས་ཁྲིམས་འཆར་དེ་བཞིན་གྲོས་ཚོགས་གོང་མའི་ནང་འོས་བསྡུ་གནང་རྒྱུ་ཡིན་པ་རེད།
ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་རྒྱབ་སྐྱིར་གནང་མཁན་གཙོ་གྲས་སྐུ་ཞབས་(Ben Cardin)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཁྲིམས་འཆར་འདི་ཚོགས་ཆུང་གིས་སྤྱི་མོས་ཐོག་ནས་གཏན་འབེབས་བྱུང་སོང་། འདིའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུའི་ལས་འགན་ཁག་ངོས་འཛིན་བྱས་ཡོད། རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་བོད་རྒྱའི་གནས་བབ་ཐོག་གྲོས་མོལ་བྱེད་དགོས་པ་ཆགས་ཡོད། ད་བར་རྒྱ་ནག་གིས་ཡ་ལན་བྱེད་སྟངས་འདི་ཚུལ་མཐུན་བྱུང་མེད། ཁྲིམས་འཆར་འདིའི་ཐད་ལ་ཐབས་བྱུས་སྒྲིག་སྟངས་ཐད་སྲིད་སྐྱོང་མཆོག་དང་ལྷན་མཇལ་སྐབས་བཀའ་མོལ་བྱུང་། མ་ཟད་ཁྲིམས་འཆར་འདི་གྲོས་ཚོགས་གོང་མའི་ནང་འོས་བསྡུའི་ཆེད་འདོན་རྒྱུ་ཡིན་དུས་ལས་དོན་མཐའ་འཁྱོལ་ཐབས་ཐད་བཀའ་བསྡུར་ཞུས་པ་ཡིན། ཁྲིམས་འཆར་གྱི་ཚིག་བརྗོད་ནང་དོན་འགྱུར་བ་གང་ཡང་མེད་པར་གྲོས་ཚོགས་འོག་མའི་ནང་གཏན་འབེབས་གནང་བ་གཅིག་མཚུངས་ཡིན་པ་གསུངས་བྱུང་།
ཁྲིམས་འཆར་གཏན་འབེབས་བྱུང་མ་ཐག་ཨ་རིའི་གྲོས་ཚོགས་གོང་མའི་མང་གཙོ་ཚོགས་པའི་འཐུས་མི་(Jeff Merkley)་ལགས་དང་། གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་(Todd Young)་ལགས་གཉིས་ཀྱིས་སྤྱི་བསྒྲགས་སྤེལ་ནས། ཨ་རིའི་གྲོས་ཚོཊ་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་གཏན་འབེབས་བྱུང་བ་ནི། བོད་རྒྱའི་རྩོད་རྙོག་སེལ་བར་རྒྱ་ནག་གཞུང་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་རྣམ་གཉིས་བར་ཞི་བའི་གྲོས་མོལ་གནང་ནས་སེལ་ཐབས་དགོས་པ་ཨ་རིའི་གཞུང་གི་སྲིད་ཇུས་ལངས་ཕྱོགས་སྲ་བརྟན་དུ་བཏང་ཡོད། ཁྲིམས་འཆར་འདི་ཨ་རིའི་གྲོས་ཚོགས་འོག་མའི་ནང་གཏན་འབེབས་གནང་ཟིན་པས། ད་ཆ་གྲོས་ཚོགས་གོང་མའི་ནང་གཏན་འབེབས་འོས་བསྡུའི་ཆེད་འབུལ་གནང་རྒྱུ་ཡིན་པ་གསལ་སྟོན་གནང་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། དེ་རིང་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་བྱུང་བ་ལས་གྲོས་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་བསྡད་ཡོད་པ་དེ་གྲོས་མོལ་གྱི་ལམ་ནས་སེལ་དགོས་བ་གལ་ཆེན་ལ་བརྩིས་བ་མཚོན་པས། ང་ཚོས་ཁྲིམས་འཆར་དེ་བཞིན་གང་མགྱོགས་གྲོས་ཚོགས་གོང་མའི་ནང་གཏན་འབེབས་ཀྱིས་སྲིད་འཛིན་མཆོག་གིས་མཚན་རྟགས་སྐྱོན་ནས་ཁྲིམས་ལ་འགྱུར་ཐུབ་པའི་རེ་བ་བྱས་བསྡད་ཡོད། རྒྱ་ནག་གཞུང་གིས་བོད་མིའི་དབུ་ཁྲིད་ཚོ་དང་མཉམ་དུ་གྲོས་མོལ་བྱེད་དགོས། ཁྲིམས་འཆར་འདིས་རྒྱ་ནག་ལ་ཕྱི་རྒྱལ་ཁབ་ཁག་གི་གནོན་ཤུགས་མངོན་གསལ་དོད་པོ་ཐེབས་ངེས་རེད་ཅེས་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་མི་རི་ཀའི་རྒྱལ་སར་ཐེངས་ཁ་ཤས་གཞུང་དོན་འཚམས་གཟིགས་གནང་སྐབས། ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གི་འཐུས་མི་མང་པོར་དངོས་སུ་མཇལ་ནས་བོད་དོན་རྩོད་རྙོག་སེལ་ཐབས་སུ། བོད་རྒྱ་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེར་གྲོས་ཚོགས་ཀྱི་འཐུས་མི་ཚོས་རྒྱབ་སྐྱོར་ཡོང་ཐབས་དང་། གང་མགྱོགས་གཏན་འབེབས་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་དང་། ད་ཐེངས་ཡང་སྲིད་སྐྱོང་མཆོག་དངོས་སུ་ཨ་རིའི་རྒྱལ་སར་ཕེབས་ནས་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་ཚོར་མཇལ་འཕྲད་ཀྱིས་བོད་དོན་ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་གང་མགྱོགས་ཀྱིས་གོ་བསྡུར་དང་གཏན་འབེབས་གནང་ཐབས་ལ་སྐུལ་འདེད་གནང་བཞིན་པ་རེད།
ཉེ་ལམ་ཕྱི་ཟླ་༢བའི་ཚེས་༡༣ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་དེ་གཏན་འབེབས་ཆེད་བགྲོ་གླེང་གནང་སྐབས། ཁྲིམས་འཆར་དེ་ཐོག་མར་ངོ་སྤྲོད་གནང་མཁན་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་ལགས་ཀྱིས། ཁྲིམས་འཆར་འདི་གཏན་འབེབས་ཆེད་རྒྱབ་སྐྱོར་གནང་བ་ནི་བོད་མིའི་རང་དབང་དང་། ཐོབ་ཐང་ལ་རྒྱབ་སྐྱོར་མཚོན་པ་ཞིག་ཡིན་པ་དང་། དེ་ཡང་གཙོ་བོ་རྒྱལ་སྤྱིའི་ཁྲིམས་ལྟར་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་བོད་དང་རྒྱ་ནག་བར་གྱི་རྩོད་རྙོག་སེལ་ཐབས་དང་གྲོས་མོལ་ཡོང་ཐབས་ཆེད་ལུགས་མཐུན་གྱི་རྒྱབ་སྐྱོར་ཡིན་པ་གསུངས་ཡོད།
བོད་དོན་ཁྲིམས་འཆར་དེའི་ནང་། རྒྱ་ནག་གཞུང་གིས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་བཞིན་པ་དེ་བདེན་པ་མིན་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བརྗོད་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མིའི་སྒྲིག་འཛུགས་ལ་ལོག་འགྲེལ་འཁྱོག་བཤད་བྱེད་བཞིན་པར་ཨ་རིའི་སྲིད་གཞུང་གིས་གདོང་ལེན་བྱེད་རྒྱུ་སོགས་འཁོད་ཡོད་པ་རེད།


གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲ་ཤིས་དབང་ཕྱུག ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎