ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་ཞུ་སྐུལ།
སྐབས་༡༧ པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་དབར་དམ་འབུལ་ཞུ་ཕྱོགས་དང་འབྲེལ་བའི་རྩོད་རྙོག་དེ་བྱུང་ནས་ཚོགས་གཙོ་ཚོགས་གཞོན་བདམས་མ་ཐུབ་པ་དང་། གྲོས་ཚོགས་འཚོགས་མ་ཐུབ་པ། དེ་བཞིན་བཀའ་བློན་རྣམ་པ་བདམས་མ་ཐུབ་པ་སོགས་ཀྱི་གནས་སུ་གྱུར་ཏེ་ད་བར་ཟླ་བ་གསུམ་ཙམ་འགྲོ་པའི་དུས་སྐབས་འདིར། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཕྱག་རོགས་ལས་ཚབ་Lisa Peterson ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཀའ་རྙོག་དེ་སེལ་དགོས་པའི་སྐོར་འབོད་སྐུལ་རང་བཞིན་གྱི་འཕྲིན་ཡིག་ཅིག་སྤྱི་ཟླ་༨ པའི་ཚེས་༢ ཉིན་ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་ཀྱི་མཚན་ཐོག་ནས་བསྐུར་འདུག་པ་འདིའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་ལུགས་དང་དེའི་བཅའ་ཁྲིམས་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་པ་དང་། ཨ་རིའི་གཞུང་གི་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་གང་ཐུབ་ཀྱི་རོགས་སྐྱོར་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་འཁོད་འདུག་པ་དང་། བོད་མི་མང་སྤྱི་འཐུས་གསར་པ་ཚོའི་ལས་འཁུར་དམ་འབུལ་དེ་བཞིན་ཡུན་རིང་ཕྱིར་འགྱངས་བྱས་ཡོད་པ་ང་ཚོས་ཤེས་རྟོགས་བྱུང་ཞིང་། སྤྱི་ཟླ་༩ པའི་གྲོས་ཚོགས་འཚོགས་ལ་ཉེ་བས། དུས་ཡུན་ཐུང་ངུ་ཞིག་གི་ནང་ལས་དོན་མང་པོ་ཞིག་བསྒྲུབ་རྒྱུ་ཡོད་པ་རེད་ཅེས་དང་། གྲོས་ཚོགས་ཀྱི་བྱ་རིམ་དང་འབྲེལ་བའི་རྩོད་རྙོག་དུས་ཐོག་སེལ་མ་ཐུབ་པ་མ་ཟད། དེ་ཡང་ཁྲིམས་སྒྲིག་གཞིར་བཟུང་སེལ་མ་ཐུབ་པ་དེས། འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་མིའི་སྒྲིག་འཛུགས་དང་སྤྱི་འཐུས་ལྷན་ཚོགས་ལ་བཅོལ་བའི་ཡིད་ཆེས་དང་གདེང་སྤོབས་བཅས་ལ་སྣང་ཆུང་བྱེད་ཀྱི་ཡོད་པས། བདམས་ཐོན་སྤྱི་འཐུས་ཚོས་ནང་ཁུལ་མི་མཐུན་པའི་གནད་དོན་རྣམས་ཕར་བཞག་སྟེ། ད་ཡོད་གནད་དོན་ཁག་ལ་དོ་ནན་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག
གོང་ཞུས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འཕྲིན་ཡིག་དང་འབྲེལ་བའི་ཐོག་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ཞུ་མཁན་བདམས་ཐོན་སྤྱི་འཐུས་༢༡ ཡོད་པའི་ཁུངས་ནས་དགེ་བཤེས་གངས་རི་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཁྲིམས་གཞིར་བཟུང་གི་དཀའ་རྙོག་དེ་སེལ་མ་ཐུབ་པ་དེས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་མིའི་སྒྲིག་འཛུགས་དང་སྤྱི་འཐུས་ལྷན་ཚོགས་ལ་བཅོལ་བའི་ཡིད་ཆེས་ལ་སྣང་ཆུང་བྱེད་ཡོད་ཅེས་བརྗོད་པ་དེར་གནད་འགག་ཡོད་པ་མ་ཟད། ང་ཚོ་ནི་ཁྲིམས་སྒྲིག་གཞིར་བཟུང་འགྲོ་བཞིན་ཡོད་པས། དེར་གུ་ཡངས་དང་མར་བབ་ས་མེད་ཅེས་འགྲེལ་བརྗོད་གནང་སོང་།
ཡང༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མདུན་ནས་དམ་འབུལ་ཞུ་མཁན་བདམས་ཐོན་སྤྱི་འཐུས་༢༢ ཡོད་པའི་ཁུངས་ནས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཡི་གེ་དེ་མཐོང་མ་ཐག་ཏུ་སེམས་ཚབས་ཆེན་པོ་ཞིག་བྱུང་ཞེས་གསུངས་ཤིང་། སྤྱི་འཐུས་ཀྱི་དཀའ་རྙོག་དེ་སེལ་བར་ཕྱི་ནས་འབོད་སྐུལ་དང་བསམ་འཆར་ཕུལ་བ་ལས། དོན་དངོས་ཐོག་དཀའ་ངལ་དེ་སྤྱི་འཐུས་ཚང་འཛོམས་ཀྱི་ནང་མོལ་བྱས་ནས་སེལ་དགོས་པ་དང་། དེའི་ཐོག་འཛིན་སྐྱོང་བཀའ་ཤག་ནས་ཀྱང་ཐུགས་འགན་བཞེས་ཐུབ་ན་ཡག་པོ་ཡོད་པ་འགྲེལ་བརྗོད་གནང་སོང་།
གཞི་རྩའི་ཆ་ནས་རིང་མིན་སྤྱི་ཟླ་དགུ་པའི་ནང་བཅའ་ཁྲིམས་དགོངས་དོན་བཞིན་སྤྱི་འཐུས་གྲོས་ཚོགས་ཤིག་འཚོགས་དགོས་ཀྱི་ཡོད་ཀྱང་། ད་ཡོད་རྩོད་རྙོག་དེས་རྐྱེན་པའི་གྲོས་ཚོགས་ཚོགས་ཐུབ་མིན་གྱི་གནས་ཚུལ་ཁ་གསལ་མེད་པ་རེད། གཞན་ཡང་འདི་གའི་རླུང་འཕྲིན་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འཕྲིན་ཡིག་དེ་འདི་ཚེས་༦ ཉིན་ཚོགས་དྲུང་ལས་ཁུངས་སུ་འབྱོར་ཡོད་ཚུལ་བཤད་ཀྱི་འདུག་ཀྱང་། འབྲེལ་ཡོད་བདམས་ཐོན་སྤྱི་འཐུས་སྒེར་སོ་སོར་ཚོགས་དྲུང་ལས་ཁུངས་ནས་འདི་ཚེས་༢༤ ཉིན་ཡིག་གེ་དེ་བཏང་འདུག་པ་དང་། འདི་གའི་གསར་འགོད་པ་ཚོགས་དྲུང་ལས་ཁུངས་སུ་ཆེད་བཅར་གྱི་ཚོགས་དྲུང་ལ་བཅར་འདྲི་ཡོང་ཐབས་ཞུས་ཀྱང་དང་ལེན་གནང་མ་སོང་། །
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།