བོད་ནང་བོད་མི་ཆབ་སྲིད་བཙོན་པ་མི་གྲངས་༦༣༩་ཙམ་འདུག
2016.04.15

ཨ་རིའི་ཕྱི་སྲིད་ལས་ཁང་གིས་བོད་ནང་རྒྱ་ནག་གཞུང་གིས་སྡུག་སྦྱོང་མནར་གཅོད་བཏང་བའི་སྙན་ཐོ་འདོན་སྤེལ་བྱས་བའི་ནང་བོད་ནང་བོད་མི་ཆབ་སྲིད་བཙོན་པ་མི་གྲངས་༦༣༩་ཙམ་ཡོད་པ་སོགས་གནས་ཚུལ་ཞིབ་ཕྲ་བཀོད་གནང་ཡོད་པ་རེད།
ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ ཕྱི་ཚེས་༡༣ཉིན་གནས་ཚུལ་ཕྱིར་བསྒྲགས་གནང་བའི་ནང་། ཨ་རིའི་ཕྱི་སྲིད་ལས་ཁང་གིས་ཕྱི་ལོ་༢༠༡༥་ལོའི་འགྲོ་བ་མིའི་ཐོབཐང་གི་གནས་སྟངས་ཐོག་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་ནས་བོད་མི་སྤྱི་དང་། ལྷག་པར་དུ་རང་ལུས་མེར་སྲེག་བཏང་མཁན་གྱི་ནང་མི་ཉེ་འབྲེལ་ཚོ་གང་བྱུང་འཛིན་བཟུང་དོ་དམ་དང་། སྡུག་སྦྱོང་གཏོང་གི་ཡོད་པ་མ་ཟད། བོད་ནང་དམག་དཔུང་དང་། ཉེན་རྟོག་པ་ཚད་ལས་བརྒལ་བ་འགྲེམས་འཇོག་བྱས་ནས་དམག་ས་ལྟ་བུར་བཟོས་ཏེ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་ལུགས་བཀོད་ཡོད་པ་དང་།
གནས་ཚུལ་ཞིབ་ཕྲ་ཕྱིར་བསྒྲགས་བྱས་པའི་ནང་། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཁང་གིས་གནས་ཚུལ་གཞིར་བཟུང་༢༠༡༥་ལོའི་ཕྱི་ཟླ་དགུ་པའི་ཚེས་༡བར་བོད་མི་ཆབ་སྲིད་བཙོན་པ་༦༣༩ཙམ་ཡོད་ཅིང་། དེ་དག་མང་ཆེ་བ་བོད་མི་གནས་སྡོད་བྱེད་སའི་ཁུལ་དུ་བཙོན་འཇུག་བྱེད་བཞིན་པ་ཡིན་པ་དང་། དེའི་ནང་ནས་བོད་མི་༦༢༡་ཕྱི་ལོ་༢༠༠༨་ཀྱི་ཕྱི་ཟླ་གསུམ་པའི་ཚེས་༡༠རྗེས་སུ་འཛིན་བཟུང་བཙོན་འཇུག་བྱས་པ་ཡིན་ཞིང་། མི་གྲངས་༡༨ཉིས་སྟོང་བརྒྱད་ལོའི་གོང་ནས་འཛིན་བཟུང་བྱས་པ་ཞིག་དང་། བོད་མི་ཆབ་སྲིད་བཙོན་པ་དེ་དག་བོད་མི་གནས་སྡོད་བྱེད་སའི་ས་གནས་གང་སར་བཙོན་འཇུག་བྱེད་བཞིན་པ་ལྟར། མི་གྲངས་༢༥༡་ཙམ་ཟི་ཁྲོན་ཞིང་ཆེན་ཁོངས་ཀྱི་བོད་མིའི་ས་ཁུལ་ཁག་ནང་བཙོན་འཇུག་བྱེད་བཞིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅིང་། དེ་བཞིན་བོད་མི་ཆབ་སྲིད་བཙོན་པ་༢༠༢ཙམ་བོད་རང་སྐྱོང་ལྗོངས་ཁོང་གི་ས་ཁུལ་ཁག་ནང་བཙོན་འཇུག་བྱེད་མུས་དང་། དེ་མིན་མཚོ་སྔོན་ཞིང་ཆེན་ཁོངས་སུ་བོད་མི་ཆབ་སྲིད་བཙོན་པ་༡༠༣་ཙམ་དང་། ཀན་སུའུ་ཞིང་ཆེན་ཁོངས་ཀྱི་བོད་མིའི་ས་གནས་ཁག་ནང་བོད་མི་ཆབ་སྲིད་བཙོན་པ་༦༤ཙམ་བཙོན་འཇུག་བྱེད་བཞིན་ཡོད་པ་རེད།
དེ་བཞིན་ཤིན་ཅང་ས་ཁུལ་ནང་བོད་མི་གཅིག་བཙོན་འཇུག་བྱེད་བཞིན་པ་དང་། བོད་མི་ཆབ་སྲིད་བཙོན་པ་དེ་དག་ནང་ནས་མི་གྲངས་༡༧༤་ཙམ་བཙོན་འཇུག་ཟླ་བ་བཅོ་བརྒྱད་ནས་ཚེ་བཙོན་གྱི་ཁྲིམས་ཆད་བཅད་པ་ཤེས་རྟོགས་བྱུང་ཡོད་པ་དང་། ཁོང་རྣམས་པའི་ནང་དགེ་འདུན་དང་བཙུན་མ་མི་གྲངས་༧༣་དང་ནང་ཆོས་སློབ་གཉེར་གནང་མཁན་༡༥་ནས་༡༨་བར་ཡོད་པ་སོགས་ཞིབ་ཕྲའི་གནས་ཚུལ་འཁོད་འདུག།
ཕྱི་ཟླ་བཞི་པའི་ཚེས་༡༤་ཉིན་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་ཚོགས་ཆུང་ནས་རྒྱ་ནག་གིས་སྡུག་སྦྱོང་མནར་གཅོད་གཏོང་སྟངས་ཞེས་པའི་བརྗོད་གཞིའི་ཐོག་ནས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ནས་རང་ཐོག་མྱོང་བ་དང་། བོད་ནང་གི་བཙོན་ཁང་ནང་གནས་སྟངས་སྐོར་གནས་ཚུལ་གསན་བཞེས་གནང་གི་ཡོད་པ་རེད།
གསར་འགོད་པ་འཆི་མེད།