ཨ་རིའི་གཞུང་གིས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིག་ཁག་ཅིག་ཨ་རིའི་ནང་ཡོང་རྒྱུ་ཐོངས་མཆན་བཀག་སྡོམ་བྱེད་རྒྱུ་ཡིན་པ་རེད།
ཨ་རིའི་ཕྱི་སྲིད་ལས་ཁུངས་གྱིས་སྤྱི་ཟླ་༦པའི་ཚེས་༡༢ཉིན་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་།ཨ་མི་རི་ཀས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་འགན་འཁྲི་འཁུར་དགོས་པའི་འདུ་ཤེས་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད་པ་དང་ཆབ་གཅིག
དེ་རིང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་ནང་ཆོས་ལུགས་དད་མོས་རང་དབང་དང་གྲང་ཉུང་མི་རིག་ཁག་ལ་དྲག་གནོད་བྱེད་མཁན་གྱི་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཁག་ལ་ཨ་རིའི་ནང་ཡོང་རྒྱུ་ཐོངས་མཆན་བཀག་སྡོམས་བྱེད་རྒྱུའི་ལག་བསྟར་བྱེད་ཀྱི་ཡོད་པ་ཕྱིར་བསྒྲགས་སྤེལ་འདུག།འོན་ཀྱང་རྒྱ་ནག་གི་དཔོན་རིགས་སུ་དང་སུ་ལ་ཐོངས་མཆན་བཀག་སྡོམས་བྱེད་ཀྱི་ཡོད་པའི་མིང་འདོན་བྱས་མེད་པ་རེད། Pursuing Visa Restrictions to Address Repression of Religious and Ethnic Groups in the People’s Republic of China - United States Department of State)
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གསར་འགོད་གསལ་བསྒྲགས་དེའི་ནང་རྒྱ་ནག་གིས་ཤིན་ཅང་ངམ་ཤར་ཏུ་ཀེ་སི་ཐེན་ནང་མི་རིགས་རྩ་མེད་གི་བྱ་སྤྱོད་དང་ཧོང་ཀོང་ནང་གཞི་རྩའི་རང་དབང་ལ་བརྩི་མེད་གཏང་བ་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡུང་རྡེག་མུ་མཐུད་གཏོང་བཞིན་པ་དང་།དེ་བཞིན་རྒྱལ་མཚམས་བརྒལ་ནས་དྲག་གནོད་བྱེད་བཞིན་པ་བཅས་ལ་བལྟས་ན་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་རྒྱུའི་ཁས་ལེན་ལག་བསྟར་བྱས་མེད་པ་གསལ་པོ་མངོན་ཐུབ་པ་ཞིག་རེད་བཅས་བརྗོད་འདུག
ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ནང་བཀོད་པའི་རྩ་དོན་ལ་སྲུང་བརྩི་བྱེད་དགོས་པ་དང་དེ་བཞིན་འདི་ལོ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དུས་བཀག་བསྐྱར་ཞིབ་སྐབས་སུ་འབྲེལ་ཡོད་ཚོགས་མི་རྒྱལ་ཁབ་མང་པོས་རྒྱབ་གཉེར་གནང་བ་ཁག་ངོས་ལེན་དགོས་རྒྱུ་སྐུལ་འདེད་དང་དེའི་ནང་རྒྱ་ནག་མི་དམངས་སྤྱི་འཐུས་རྒྱལ་ཁབ་ཀྱིས་དྲང་བདེན་མིན་པ་གང་བྱུང་གིས་འཇུ་བཟུང་བཀག་ཉར་བྱེད་པའི་རྒྱ་ནག་གི་མི་སེར་ཚོར་ཡང་སྔོན་འགྲོ་ཆར་རྐྱེན་གང་ཡང་མེད་པ་གློད་གྲོལ་གཏོང་དགོས་པ་སོགས་བརྗོད་ཡོད་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གི་དཔོན་རིགས་ཁག་ལ་ཐོངས་མཆན་སྤྲོད་རྒྱུ་བཀག་སྡོམས་དགོས་པའི་བཀའ་རྒྱ་དེ་བཞིན་ཨ་རིའི་ཕྱི་མི་གནས་སྤོའི་ཁྲིམས་ཡིག་དོན་ཚན་༢༡༢ཡི་འབྲུ་དོན་ལྟར་གྱི་ལག་བསྟར་གནང་བ་ཞིག་ཡིན་སྐོར་བརྗོད་འདུག
དེ་སྔོན་ཡང་ཨ་རིས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཁ་ཅིག་ལ་ཐོངས་མཆན་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ་བཀའ་རྒྱུ་བཏང་ཡོད་པ་རེད་ལ་བཀག་སྡོམ་གྱི་བཀའ་རྒྱ་དེས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་གཅིག་པུ་མིན་པར་ཁོང་ཚོའི་ནང་མི་ཚོར་ཡང་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་མ་ཟད། དཔེར་ན། དཔོན་རིགས་དེ་དག་གི་ཕྲུ་གུ་ཨ་རིའི་ནང་ཡོད་པ་སོགས་ཡང་ཚུད་ཀྱི་ཡོད་པ་རེད་འདུག
གསར་འགོད་པ།དབྱངས་སྒྲོན།
རྩོམ་སྒྲིག་པ།རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།