ཨ་མི་རི་ཀས་རྒྱ་ནག་གི་སྐུ་ཚབ་དང་མཉམ་བོད་དོན་གླེང་འདུག
2015.08.14

ཨ་མི་རི་ཀས་བོད་ཀྱི་གནད་དོན་རྒྱ་ནག་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་བྱེད་ཡུལ་གནད་དོན་གལ་ཆེན་བརྩི་བཞིན་པ།
དེ་ཡང་རྒྱ་ནག་གི་སྲིད་འཛིན་Xi Jinpingཨ་མི་རི་ཀར་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་རྒྱུའི་སྔ་རོལ་ཁ་ས་ཚེས་༡༣ཉིན། ཨ་རི་དང་རྒྱ་ནག་གཞུང་གི་དཔོན་རིགས་ཀྱི་བར་རྒྱལ་ས་ཝ་ཤིན་ཀྲོན་ནང་ཨ་རི་དང་རྒྱ་ནག་བར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལོ་འཁོར་ལྷན་ཚོགས་དེ་གནང་ཡོད་པ་དང་། སྐབས་དེར་བོད་དོན་སྐོར་གླེང་མོལ་བྱུང་འདུག
གྲོས་མོལ་རྗེས་ཨ་མི་རི་ཀའི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་འགན་འཁུར་བ་ཕྱི་སྲིད་དྲུང་ཆེ་ཕྱག་རོགས་Tom Malinowskiམཆོག་གིས། གསར་འགོད་ལྷན་ཚོགས་སར་ཡིག་ཐོག་སྤེལ་བའི་སྤྱི་བསྒྲགས་ནང་། ཁོང་གིས་ད་རེས་རྒྱ་ནག་གི་དཔོན་རིགས་ཀྱི་ལྷན་གྲོས་མོལ་ནང་། རྒྱ་ནག་གཞུང་ལ་བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་ཕྱིར་བོད་མིའི་དབུ་ཁྲིད་༧གོང་ས་ཏྭ་ལའི་བླ་མ་མཆོག་གམ་ཡང་ན་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་དོན་གྲོས་མོལ་གནང་དགོས་པ་དང་། བོད་མིའི་བླ་སྤྲུལ་ངོས་འཛིན་བྱ་ཕྱོགས་ཀྱི་གནད་དོན་ལ་ཐེ་ཇུས་བྱ་རྒྱུ་མཚམས་འཇོག་གི་མཚོན་བོད་མིའི་འདས་མཆོད་ཀྱི་འགྲོ་ལུགས་ལ་བརྩི་འཇོག་དགོས་པ་སོགས་མདོར་ན་བོད་ནང་བོད་མིའི་ཆོས་དད་རང་དབང་ལ་བརྩི་སྲུང་དགོས་པ་གསུངས་ཡོད་ཅེས་དང་། ད་དུང་སྤྱི་བསྒྲགས་དེའི་ནང་། ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གཞུང་ལ་རྒྱ་ནག་གི་གཞུང་ཚབ་དཔོན་རིགས་དང་། གསར་འགོད་པ་ཚོ་ཨ་མི་རི་ཀའི་ནང་ས་ཁུལ་གང་ཡོད་ལ་བཀག་སྡོམ་མེད་པར་བསྐྱོད་ཆོག་གི་ཡོད་པ་ལྟར། རྒྱ་ནག་གི་ངོས་ནས་ཀྱང་ཕྱོགས་མཚུངས་ཨ་རིའི་གཞུང་ཚབ་དཔོན་རིགས་དང་། གསར་འགོད་པ་ཚོ་བོད་མི་གནས་ཡུལ་ས་ཁུལ་ཁག་ལ་སྐྱོད་རྒྱུའི་ཐོབ་ཐང་གཞི་རྒྱ་ཆེ་ཙམ་སྤྲོད་དགོས་ཀྱི་ཡོད་པའི་སྐོར་བཀའ་མོལ་གནང་རྒྱུ་བྱུང་སྐོར་བཀོད་ཡོད་པ་རེད།
གསར་འགོད་པ་ཁག་ཅིག་གིས་རྒྱ་ནག་གི་སྐུ་ཚབ་ལྷན་གྲོས་མོལ་ནང་། ཨ་མི་རི་ཀའི་གཞུང་གིས་བོད་ཀྱི་གནད་དོན་ལ་གལ་འགངས་ཆེ་ཆུང་ཇི་ཙམ་འཛིན་གྱི་ཡོད་མེད་དྲི་བ་བྱུང་བའི་བཀའ་ལན་དུ། ཁོང་གིས་བོད་ཀྱི་གནད་དོན་དེ་ནི་ང་ཚོས་གྲོས་མོལ་ཞུ་ཡུལ་གྱི་གནད་དོན་གལ་འགངས་ཆེ་ཤོས་ཡིན་པ་དང་། ང་ཚོས་བོད་ཀྱི་གནད་དོན་དེ་ཇི་ཙམ་གལ་འགངས་ཆེན་པོ་འཛིན་གྱི་ཡོད་པ་གྲོས་མོལ་གྱི་སྔོན་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་གནད་དོན་དེ་ཛ་དྲག་ཅི་ཆེ་ཞིག་ཡིན་པ་གསལ་པོར་ཐེར་བཏོན་ཞུ་རྒྱུ་བྱུང་སྐོར་གསུངས་ཡོད་པ་རེད།
དེ་བཞིན་ཕྱོགས་གཉིས་ཀྱི་གྲོས་མོལ་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྱི་གཙོས། རྒྱ་ནག་གིས་ཨ་མི་རི་ཀའི་རྩིས་འཁོར་ནང་སིམ་འཛུལ་གྱིས་གནས་ཚུལ་རྐུ་འཁྱེར་བྱས་པའི་གནད་དོན་དང་། ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་རྩོད་ལེན། ཚོང་དང་དཔལ་འབྱོར། གནམ་གཤིས་འགྱུར་ལྡོག་གི་གནད་དོན་སོགས་གླེང་གཞི་མང་པོ་ཡོད་ཀྱང་། དེའི་ནང་ཨ་མི་རི་ཀའི་གཞུང་གིས་གལ་ཆེ་དོན་ཆེ་བརྩིས་ཏེ་བཀའ་མོལ་ཞུ་ཡུལ་གཙོ་བོ་ཞིག་བོད་ཀྱི་གནད་དོན་སྐོར་གླེང་མོལ་གནང་ཡོད་འདུག་ལ་དེ་ནི་རིང་མིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ཨ་མི་རི་ཁའི་ནང་གཞུང་འབྲེལ་གཟིགས་བསྐོར་དུ་ཕེབས་རྒྱུའི་གོང་དེར། ཨ་རི་དང་རྒྱ་ནག་བར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་མོལ་སྐབས། ཨ་མི་རི་ཁའི་གཞུང་འབྲེལ་གྱི་སྒོ་ནས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་ཉེན་བརྡ་ཞིག་བཏང་བ་ཞིག་ཡིན་པ་རེད།
སྐབས་དེར་ཨ་མི་རི་ཀའི་གཞུང་གི་གྲོས་མོལ་དབུ་ཁྲིད་མཁན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཕྱག་རོགས་Tom Malinowskiཡིན་པ་དང་། རྒྱ་ནག་གི་གྲོས་མོལ་སྐུ་ཚབ་དེ་ཕྱི་འབྲེལ་དཔོན་རིགས་བགྲེས་པ་Li Jingua ཡིན་པ་རེད།
གསར་འགོད་པ་བློ་བཟང་ཡེ་ཤེས།