ཨ་མི་རི་ཀའི་མཚོ་དམག་གིས་མེ་ཤུགས་འཕུར་མདའ་གཏོར་བཤིག་གཏོང་མཁན་འཁྱེར་བའི་དམག་གྲུ་ཞིག་ཐེ་ཝན་གྱི་མཚོ་ཁུག་བརྒྱུད་ཁ་སང་རེས་གཟའ་པ་སངས་ཉིན་བཏང་ཡོད་ལུགས་ཨ་རི་དང་ཐེ་ཝན་གྱི་དམག་མིས་བཤད་འདུག་ལ། ཁ་སང་རྒྱ་ནག་གི་གནམ་དམག་གནམ་གྲུས་ཀྱང་ཐེ་ཝན་མཚོ་གླིང་གི་ཉེ་ཁྲིས་རྒྱ་མཚོའི་ནང་དམག་སྦྱོང་བྱས་ཡོད་ལུགས་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བཞག
རྒྱ་ནག་གིས་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་བཤད་བཞིན་ཡོད་པ་དང་། ཨ་རིའི་སྲིད་འཛིན་Donald Trump མཆོག་གི་དབུ་འཁྲིད་པའི་ཨ་རིའི་སྲིད་གཞུང་ནས་ཐེ་ཝན་ལ་གོ་མཚོན་ཚོང་བསྒྱུར་དང་། ཨ་རིའི་དམག་མིས་ཐེ་ཝན་གྱི་ཉེ་ཁྲིས་སུ་སྐོར་གཡེང་བརྒྱབ་པ། དེ་བཞིན་ཐེ་ཝན་གྱི་སྲིད་འཛིན་གཞོན་པར་འོས་འདེམས་བྱུང་བའི་William Lai མཆོག་ཕྱི་ཟླ་གཉིས་པའི་ནང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་སུ་བཅུག་པ་སོགས་ཀྱིས་རྐྱེན་པས་རྒྱ་ནག་གིས་ཨ་མི་རི་ཀར་ཁོང་ཁྲོ་ལངས་བཞིན་པ་རེད།
ཡང་རྒྱ་ནག་གིས་དགག་པ་བརྒྱབ་པར་བརྟེན། ཏོག་དབྱིབས་ནད་དུག་གི་དཀའ་ངལ་འཕྲད་བཞིན་པའི་སྐབས་སུའང་། ཐེ་ཝན་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་འཛུལ་བཞུགས་བྱེད་མ་ཐུབ་པར་སོང་། གནད་དོན་འདི་ཐད་རྒྱ་ནག་དང་ཐེ་ཝན་དབར་རྩོད་པ་ཡང་ཤོར་བཞིན་པ་རེད།
ཁ་སང་ཐེ་ཝན་གྱི་ལྷོ་ཕྱོགས་མཚོ་ཁུག་བརྒྱུད་འགྲོ་བསྐྱོད་བྱས་པའི་ཨ་རིའི་མཚོ་དམག་དམག་གྲུ་དེའི་མིང་ལ་ཨ་རིའི་ཞི་འཇགས་དམག་གྲུའི་དཔུང་སྡེ་ཞེས་བརྗོད་ཀྱི་ཡོད་པ་དང་། ཐེ་ཝན་གྱི་བདེ་སྲུང་བློན་ཆེན་ལས་ཁང་གིས་ཐེ་ཝན་གྱི་དམག་མིས་དམག་གྲུ་དེར་བྱ་ར་བྱེད་བཞིན་ཡིན་ལུགས་གསུངས་ཐོག ཨ་རིའི་དམག་གྲུ་དེ་ནི་སྤྱིར་བཏང་ལས་དོན་ཞིག་གི་ཆེད་ཁུལ་དེར་འགྲོ་བསྐྱོད་བྱས་པ་ཞིག་ཡིན་ལུགས་འགྲེལ་བརྗོད་བྱས་བཞག
དེ་བཞིན་ཁ་སང་ཐེ་ཝན་གྱི་ལྷོ་ནུབ་མཚོ་ཁའི་སྟེང་རྒྱ་ནག་གི་H-6རྟགས་ཅན་གནམ་དམག་གནམ་གྲུས་ཀྱང་དམག་སྦྱོང་བྱས་ཡོད་པ་དང་། ཐེ་ཝན་གྱིས་ཏོག་དབྱིབས་ནད་དུག་གིས་རྒྱལ་སྤྱིའི་ནང་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་སྐབས་འདིར་ཡང་རྒྱ་ནག་གིས་ཐེ་ཝན་ལ་གནོན་ཤུགས་མུ་མཐུད་སྤྲོད་ཀྱི་འདུག་ཞེས་སྐྱོན་བརྗོད་བྱེད་བཞིན་པ་རེད།།