ཨ་རིས་བོད་མིར་རོགས་སྐྱོར་གནང་རྒྱུའི་ཁྲིམས་འཆར་དེས་བོད་པའི་བདེན་དོན་སེལ་ཐབས་སུ་མུ་མཐུད་རྒྱབ་སྐྱོར་གནང་པ་མཚོན་ཞེས་གསུངས་པ།

2024.03.30
ཨ་རིས་བོད་མིར་རོགས་སྐྱོར་གནང་རྒྱུའི་ཁྲིམས་འཆར་དེས་བོད་པའི་བདེན་དོན་སེལ་ཐབས་སུ་མུ་མཐུད་རྒྱབ་སྐྱོར་གནང་པ་མཚོན་ཞེས་གསུངས་པ།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

ཨ་རིས་བོད་མི་ཚོར་རོགས་རམ་གནང་རྒྱུའི་ཁྲིམས་ཡིག་དེས་བོད་པའི་བདེན་དོན་སེལ་ཐབས་སུ་རྒྱབ་སྐྱོར་མཚོན་ཐུབ་ཀྱི་ཡོད་པའི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཀྱིས་ཕྱི་ཚེས་ ༢༩  ཉིན་སྤེལ་བའི་གནས་ཚུལ་ནང་གསུངས་འདུག་ཅིང་།  དེ་ཡང་ཨ་རིའི་གྲོས་ཚོགས་ནས་ཁྲིམས་འཆར་བཏོན་པ་གཞིར་བཟུང་ཟླ་བ་འདིའི་ཚེས་ ༢༣ ཉིན་སྲིད་འཛིན་འཇོ་བྷ་ཡེ་དྲན་མཆོག་གིས་མཚན་རྟག་བཀོད་གནང་བ་ལྟར། ཁྲིམས་སུ་གྱུར་བའི་ཡིག་ཆ་དེའི་ནང་། བོད་པའི་སྐད་ཡིག་དང་། ཁོར་ཡུག་སྲུང་སྐྱོབ། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྲུང་སྐྱོབ་ཀྱི་ཆེད་གཙོ་བོར་དམིགས་པའི་ལས་འཆར་ཁག་གི་འགྲོ་གྲོན་གཏོང་དམིགས་སུ་ཨ་རིའི་ཌོ་ལར་ཉུང་མཐར་ས་ཡ་ཉི་ཤུ་རྩ་བཞི་ལྷག་གི་རོགས་དངུལ་བཀའ་འཁྲོལ་གནང་ཡོད་པ་དང་། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རི་རླུང་འཕྲིན་ཁང་བཅས་ཀྱི་དངུལ་རྩིས་ཚུད་མེད་པ་རེད།

སྔོན་རྩིས་གཏན་འབེབས་ཀྱི་ཁྲིམས་ཡིག་དེའི་ནང་། རྒྱ་ནག་གཞུང་གིས་ད་བར་བོད་པའི་དཀའ་རྙོག་སེལ་ཐབས་སུ་གྲོས་མོལ་རྒྱུན་མ་འཐུད་པར་གནས་པ་དང་།  ཨ་རིའི་གཞུང་གི་ངོས་ནས་གནང་རྒྱུའི་དངུལ་རྩིས་རོགས་སྐྱོར་ལས་གཞིའི་འོག་ས་ཁྲ་དང་ཡིག་ཆ་ཁག་ཏུ་བོད་འདི་བཞིན་རྒྱ་ནག་གི་ཆ་ཤས་སུ་བཀོད་པ་རིགས་པར་སྐྲུན་བྱེད་པར་འགྲོ་སོང་གཏོང་འཐུས་མི་ཆོག་པ་གསལ་ཡོད་པ་རེད། 

ཨ་རིའི་གྲོས་ཚོགས་དང་གཞུང་གིས་བོད་མིར་གནང་རྒྱུའི་རོགས་དངུལ་གྱི་ཁོངས་སུ།  ༡) བོད་ནང་དུ་ཁོར་ཡུག་དང་སྐད་ཡིག  རིག་གཞུང་བཅས་སྲུང་སྐྱོབ་བྱེད་རྒྱུའི་ལས་གཞི་སྤེལ་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་ཨ་སྒོར་ས་ཡ་བཅུ་ཐམ་པ་དང་།  ༢) རྒྱ་གར་དང་བལ་ཡུལ་ནང་བོད་མིའི་སྒྲིག་འཛུགས་དང་གཞན་ཡང་ཚོགས་པ་ཁག་གིས་བོད་མིའི་ཤེས་ཡོན་གོང་འཕེལ་དང་། མི་རབས་གསར་པའི་འགོ་འཁྲིད་སྐྱེད་སྲིང་བྱེད་རྒྱུའི་ལས་གཞིའི་ཆེད་ཨ་སྒོར་ས་ཡ་བརྒྱད།  ༣) བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞིའི་འོག་སྐྱབས་བཅོལ་བོད་མིའི་འཚོ་བ་ཡར་རྒྱས་དང་མང་གཙོའི་འཕེལ་རིམ་གོང་འཕེལ་གཏོང་ཐབས་བཅས་ཀྱི་ལས་འཆར་ཆེད་ཨ་སྒོར་ས་ཡ་ལྔ་བཅས་དབྱེས་ཡོད་འདུག

US Funding Bill Tibet Allocation_RFA_ICT_Tibetan.jpg.jpeg
སྒྲིག་བཟོ། ནོར་སྒྲོན། བསྟན་འཛིན་པདྨ།

ཨ་རིའི་གཞུང་གིས་བོད་མི་ཚོར་རོགས་དངུལ་བཀའ་འཁྲོལ་གནང་བ་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དགའ་བསུ་ཞུས་པ་དང་འབྲེལ་ད་རེས་ཨ་རིའི་གྲོས་ཚོགས་ནས་སྔོན་རྩིས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་པ་དང་ཁྲིམས་ཡིག་དེར་ཨ་རིའི་སྲིད་འཛིན་མཆོག་གིས་བཀའ་འཁྲོལ་གནང་པ་དེས་བོད་པའི་བདེན་དོན་སེལ་ཐབས་སུ་ཨ་མི་རི་ཀའི་གཞུང་མང་གཉིས་ཀྱིས་མུ་མཐུད་ནས་རྒྱབ་སྐྱོར་ཡོད་པའི་མཚོན་རྟག་ཡིན་པ་དང་དེས་རང་བཞིན་གྱིས་རྒྱ་ནག་གིས་བོད་ནང་དྲག་གནོན་ཅན་གྱི་སྲིད་བྱུས་འཛིན་བཞིན་པར་གདོང་ལེན་གྱི་རྣམ་པ་ཞིག་ཀྱང་མཚོན་པ་རེད་ཅེས་གསུངས་འདུག

ཕྱོགས་མཚུངས་ལས་འགུལ་ཁང་གི་གཞུང་ལས་འབྲེལ་མཐུད་འགན་འཛིན་ ཕཱརནཛི་མེཊཛི་ནཱར་ (Franz Matzner) ལགས་ཀྱིས།  ཨ་རིའི་གཞུང་གིས་རོགས་དངུལ་བཀའ་འཁྲོལ་གྱི་ཁྲིམས་ཡིག་འདིས།  ཞི་ཅིན་ཕིང་གིས་འགོག་གནོན་རང་བཞིན་གྱི་བྱ་ཐབས་རྒྱ་སྐྱེད་གཏོང་བཞིན་པའི་དུས་སྐབས་འདིར།  ཨ་རིའི་གཞུང་གིས་ད་རེས་སླར་ཡང་བོད་མི་ཚོའི་རང་དབང་འཐབ་རྩོད་དང་རིག་གཞུང་བདག་གཅེས་བྱ་རྒྱུར་གལ་གནད་ཆེ་བའི་མཐུན་རྐྱེན་སྦྱར་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསལ་སྟོན་བྱས་པ་རེད་ཅེས་གསུངས་འདུག

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིས་བོད་མིར་རོགས་དངུལ་གནང་ཕྱོགས་དང་འབྲེལ་བའི་སྐོར་སྔོན་རྩིས་སྐོར་མཁྱེན་རྟོགས་ཡོད་པའི་འབྲེལ་ཡོད་ལས་བྱེད་པ་ཞིག་ལ་རྩད་ཞིབ་ཞུས་པར།  (RFA) ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་སྔོན་རྩིས་དང་ (VOA) ཨ་རི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ལོ་འཁོར་རྒྱུན་གྲོན་དང་དེ་བཞིན་ཨ་རིའི་འཛིན་སྐྱོང་ལས་ཁུངས་ཀྱིས་བོད་མིའི་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་ལ་ཐད་ཀར་གནང་བཞིན་པའི་རོགས་དངུལ།  དེ་བཞིན་ངག་དབང་ཆོས་འཕེལ་སློབ་ཡོན་བཅས་ཕུད་བོད་དོན་ལས་འཆར་ཆེད་ཉུང་མཐར་ཨ་སྒོར་ས་ཡ་ ༢༤ ཙམ་གནང་གི་ཡོད་པ་གསུངས་བྱུང་།།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎