ཨ་རི་དང་རྒྱ་གར་བར་གྱི་འབྲེལ་བ་གོང་མཐོར་ཆེད་ཨ་རིའི་སྲིད་འཛིན་གཞོན་པ་རྒྱ་གར་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་རེད་འདུག
ཨ་རི་དང་རྒྱ་གར་བར་འབྲེལ་ལམ་གོང་མཐོར་གཏོང་སླད་ཟླ་བ་ ༤ ཚེས་ ༢༡ ནས་ ༢༤ བར་ཨ་རིའི་སྲིད་འཛིན་གཞོན་པ་ཇེ་ཊི་བེན་སི་(JD Vance)ལགས་རྒྱ་གར་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ལ་ཕེབས་ཀྱི་ཡོད་ལ། ཕྱི་ཚེས་ ༢༡ ཉིན་ཨ་རིའི་སྲིད་འཛིན་གཞོན་པས་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དི་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་བསྒྲགས་གཏམ་སྤེལ་འདུག
- 2025-04-19
-
-
-
ཨ་རི་དང་རྒྱ་གར་བར་འབྲེལ་ལམ་གོང་མཐོར་གཏོང་སླད་ཟླ་བ་ ༤ ཚེས་ ༢༡ ནས་ ༢༤ བར་ཨ་རིའི་སྲིད་འཛིན་གཞོན་པ་ཇེ་ཊི་བེན་སི་(JD Vance)ལགས་རྒྱ་གར་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ལ་ཕེབས་ཀྱི་ཡོད་ལ། ཕྱི་ཚེས་ ༢༡ ཉིན་ཨ་རིའི་སྲིད་འཛིན་གཞོན་པས་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དི་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་བསྒྲགས་གཏམ་སྤེལ་འདུག
དེ་ཡང་ཟླ་ ༤ ཚེས་ ༢ ཉིན་ཨ་རི་སྲིད་གཞུང་གསར་པས་རྒྱ་གར་ལའང་སྒོ་ཁྲལ་བརྒྱ་ཆ་ ༢༦ བཀལ་ཡོད་ནའང་། ཨ་རིའི་སྲིད་གཞུང་གིས་རྒྱ་ནག་ཕུད་རྒྱལ་ཁབ་གཞན་ཚོར་སྒོ་ཁྲལ་གནས་སྐབས་ངང་འཐེན་བྱས་ཡོད། གང་ལྟར་ཨ་རིས་རྒྱ་གར་ལ་སྒོ་ཁྲལ་བརྒྱ་ཆ་ ༢༦ སྤར་རྗེས་རྒྱ་གར་གཞུང་གིས་དེ་དོན་ཨ་རི་གཞུང་ལྷན་འབྲེལ་མོལ་གྱིས་ཞི་འགྲིག་ཡོང་ཐབས་ལ་འབད་རྒྱུ་ཡིན་སྐོར་བརྗོད་ཡོད་ཅིང་། དེ་དོན་ཨ་རིའི་སྲིད་འཛིན་གཞོན་པ་རྒྱ་གར་དུ་ཕྱོགས་བསྐྱོད་དུ་ཕེབས་པ་དེས་ཕྱོགས་གཉིས་ཀྱི་འབྲེལ་བ་གོང་མཐོར་གཏོང་བར་ཕན་ཐོགས་འོས་ངེས་ཡིན།
ཨ་རིའི་སྲིད་གཞུང་གསར་པས་རྒྱ་ནག་ཐོག་སྒོ་ཁྲལ་བཀལ་བར་རྒྱ་ནག་གིས་འཁོན་ལན་སློག་པ་བརྒྱུད་ཨ་རྒྱ་གཉིས་བར་ཚོང་དམག་གི་གཞི་ཚུགས་པའི་སྐབས་འདིར། ཉེ་བའི་ཟླ་ཤས་ནས་བཟུང་རྒྱ་དཀར་ནག་གཉིས་བར་གྱི་མཐོ་རིམ་དཔོན་རིགས་བར་འབྲེལ་མོལ་རིམ་མཐུད་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་བསྐྱར་དུ་གསོ་བཞིན་པ་དང་བསྟུན། རྒྱལ་ཁབ་གཉིས་བར་མི་དང་མིའི་འབྲེལ་ལམ་གོང་མཐོར་གཏོང་ཆེད་དུ་དམིགས་ཏེ་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ནས་ ༠༤ བར་རྒྱ་གར་གནས་འཁོད་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་གར་མི་སེར་གྲངས་ ༨༥༠༠༠ ལྷག་ལ་མཐོང་མཆན་སྤྲད་འདུག་པ་མ་ཟད། རྒྱ་ནག་གིས་ཨ་རིའི་སྒོ་ཁྲལ་ལ་གདོང་ལེན་ཆེད་ཨེ་ཤེ་ཡའི་རྒྱལ་ཁབ་ལྷན་འབྲེལ་བ་བཟང་དུ་གཏོང་བཞིན་པའི་ཁར། རྒྱ་གར་གནས་འཁོད་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཡུས་ཅིང་གིས་རྒྱ་དཀར་ནག་གི་དཔལ་འབྱོར་དང་ཚོང་འབྲེལ་ནི་ཕན་ཚུན་ལྡོངས་གྲོགས་དང་། གཉིས་ཕན་ཅན་ཡིན་པ་དང་། ཨ་རིའི་སྒོ་ཁྲལ་གྱི་བརྙས་བཅོས་བྱེད་བཞིན་པའི་སྐབས་སུ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་གཉིས་མཉམ་རུབ་ཀྱིས་དཀའ་ངལ་ལ་གདོང་ལེན་བྱེད་དགོས་པ་བརྗོད་འདུག
དེ་བཞིན་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ལྷན་འབྲེལ་བ་དམ་གཟབ་གཏོང་ཆེད་ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༤ ཚེས་ ༨ དང་ ༩ བཅས་ཉིན་གྲངས་གཉིས་རིང་། རྒྱ་ནག་གི་མཐའ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་འབྲེལ་བའི་ཚོགས་འདུ་ཞིག་རྒྱ་ནག་གི་པེ་ཅིན་གྲོང་ཁྱེར་དུ་འཚོགས་ཏེ། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་རྒྱ་ནག་གིས་གུ་ཡངས་ངང་མཐའ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་འཆམ་མཐུན་མཉམ་འབྲེལ་ངང་མ་འོངས་པ་སྐྲུན་དགོས་སྐོར་བརྗོད་པ་མ་ཟད། རྒྱ་ནག་གིས་མཐའ་འཁོར་གྱི་རྒྱལ་ཁབ་ཚོ་དང་མཉམ་དུ་ལས་དབང་གཅིག་མཐུན་འཛུགས་སྐྲུན་དང་། ཕན་ཚུན་ཡིད་ཆེས་དང་རྒྱབ་སྐྱོར་སྲ་བརྟན་དུ་བཏང་སྟེ། ཕྱོགས་ཡོངས་ནས་མི་མཐུན་པའི་ལྟ་ཚུལ་ཁག་ལ་གུ་ཡངས་ཀྱིས་མཉམ་ལས་དགོས་སྐོར་བརྗོད་ཡོད་པ་རེད། དེ་རྗེས་ཟླ་བ་ ༤ ཚེས་ ༡༤ ནས་ ༡༨ བར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཝེ་ཊི་ནམ་དང་། མ་ལེ་ཤི་ཡ། ཀམ་བོ་ཊི་ཡར་ཕན་ཚུན་ཚོང་འབྲེལ་དང་མཉམ་ལས་གོང་མཐོར་སླད་བསྐྱོད་ཡོད།
དེ་ཡང་རྒྱ་གར་གནས་འཁོད་རྒྱ་ནག་གཞུང་ཚབ་ཤུ་ཧྥེ་ཧོང་གིས་སྤྱི་ཚོགས་དྲྭ་ལམ་(X)བརྒྱུད། ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ བར་དུ་རྒྱ་ནག་གཞུང་ཚབ་ཁང་གིས་འདི་ལོར་རྒྱ་ནག་ཏུ་སྐྱོད་མཁན་རྒྱ་གར་མི་སེར་གྲངས་ ༨༥༠༠༠ ལ་མཐོང་མཆན་སྤྲད་ཡོད་ལ། རྒྱ་གར་གྱི་གྲོགས་པོ་རྣམས་གུ་ཡངས་དང་། བདེ་འཇགས་སྤྲོ་སྣང་ལྡན་ཞིང་། དྲང་ལ་མཛའ་མཐུན་ལྡན་པའི་རྒྱ་ནག་ཏུ་བསྐྱོད་པར་དགའ་བསུ་ཡོད། ཅེས་བརྗོད་འདུག
རྒྱ་ནག་གིས་དེ་ལྟ་བུའི་ཐག་གཅོད་བྱ་དོན་ནི། ཨ་རིའི་སྲིད་གཞུང་གསར་པས་རྒྱ་ནག་ཐོག་སྒོ་ཁྲལ་ནན་མོ་བཀལ་ཏེ་ཕྱོགས་གཉིས་བར་མི་མཐུན་པར་གྱུར་བའི་གནས་སྟངས་དེར་གདོང་ལེན་ཆེད་རྒྱ་གར་ཐེ་བའི་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ལྷན་འབྲེལ་བ་ཇེ་བཟང་དུ་གཏང་རྒྱུའི་སྲིད་བྱུས་ཤིག་ཡིན་ཞིང་། དེ་ཉིད་ལམ་ལྷོངས་ཆེད་རྒྱ་ནག་གིས་རྒྱ་གར་ལྷན་ཞི་འགྲིག་ཡོང་ཐབས་གྲོས་མོལ་རིམ་པ་བརྒྱུད། རིང་མིན་སྟོད་གངས་རིན་པོ་ཆེར་གནས་མཇལ་བ་གཏང་རྒྱུ་དང་། རྒྱལ་ཁབ་གཉིས་བར་ཐད་ཀར་གནམ་གྲུ་མུ་མཐུད་རྒྱུ་མ་ཟད། རྒྱ་ནག་གི་མཐོང་མཆན་ཞུ་རྒྱུར་དམ་དྲག་ཉུང་དུ་གཏང་རྒྱུའི་ཐག་གཅོད་བྱས་པ་ལྟར། འདི་ལོའི་ཟླ་བ་བཞིའི་ནང་རྒྱ་གར་མི་སེར་བརྒྱད་ཁྲི་ལྔ་སྟོང་ལ་རྒྱ་ནག་ཏུ་བསྐྱོད་ཆོག་པའི་མཐོང་མཆན་སྤྲད་ཡོད། དེ་བཞིན་རྒྱ་གར་གྱི་གནས་སྐོར་བ་གངས་རིན་པོ་ཆེར་བསྐྱོད་རྒྱུ་དང་། རྒྱལ་ཁབ་གཉིས་བར་ཐད་ཀར་གནམ་གྲུ་མུ་མཐུད་རྒྱུར་ཕྱོགས་གཉིས་བར་གྲོས་མོལ་མུ་མཐུད་བྱེད་མུས་ཡིན།
གནད་དོན་དེ་འབྲེལ་རྒྱ་གར་ཉམས་ཞིབ་ལྟེ་གནས་ཁང་ (Observer Research Foundation) གི་ཉམས་ཞིབ་པ་ཀལ་པིཏ་མན་ཀི་ཀར་ (Kalpit Mankikar) ལགས་ཀྱིས། རྒྱལ་ནག་གིས་ཐེངས་འདིའི་གོམ་སྟོབས་བརྒྱུད་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་གོང་མཐོར་སྲ་བརྟན་གཏོང་ཐབས་བྱེད་བཞིན་ཡོད་ཀྱང་། གཙོ་བོ་རྒྱ་ནག་ངོས་ནས་རྒྱ་གར་ལ་ཡིད་ཆེས་བསྐྲུན་རྒྱུར་འབད་དགོས་ལ། རྒྱ་གར་གཞུང་ངོས་ནས་ཀྱང་། རྒྱ་ནག་གཞུང་གིས་སྤེལ་བའི་ནོར་འཁྲུལ་ཅན་གྱི་བྱ་གཞག་ཁག་གི་ཐོག་བསམ་གཞིག་བྱ་དགོས་གལ་ཆེ་བ་ཡིན་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་འདས་པའི་ལོ་ཤས་ནང་རྒྱ་དཀར་ནག་གཉིས་དབར་འབྲེལ་ལམ་བརྟན་ལྷིང་མེད་པའི་རིམ་པ་མང་དག་ཅིག་བྱུང་ཡོད་དེ། ཕྱི་ལོ་ ༢༠༢༠ ནས་ཟུང་འཕགས་བོད་ས་མཚམས་གྷལ་ཝན་ལུང་གཤོངས་ (Galwan Valley) སུ་རྒྱ་དཀར་ནག་གི་མཐའ་སྲུང་དམག་མིའི་བར་དྲག་པོའི་འཁྲུག་འཛིང་ཤོར་ཏེ། རྒྱ་གར་གྱི་མཐའ་སྲུང་དམག་མི་ ༢༠ དང་ཉུང་མཐར་རྒྱ་ནག་གི་མཐའ་སྲུང་དམག་མི་ ༤ ཡི་ཚེ་སྲོག་ཤོར་རྗེས། ཕྱོགས་གཉིས་ཀྱིས་ས་མཚམས་ཁུལ་དུ་དམག་དཔུང་ཕོན་ཆེ་འགྲེམས་འཇོག་དང་། ས་མཚམས་རྩོད་རྙོག་གི་གནད་དོན་ཞི་འགྲིག་མ་ཐུབ་པར་ལོ་ཤས་ལྷག་ནས། ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༡༠ ནང་(BRICS) ཚོགས་ཆེན་དུ་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་དང་རྒྱ་གར་གི་སྲིད་བློན་ན་རེནྡྲ་མོ་དྷི་ (Narendra Modi) གཉིས་ཐུག་འཕྲད་བྱུང་རྗེས་ཞི་སྒྲིག་གི་ཐབས་ལམ་ཐོག་མར་འགོ་བཙུག་ཡོད་པ་རེད།།
གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།