ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པས་རྒྱ་ནག་གི་དཔོན་རིགས་དང་མཉམ་བོད་ཀྱི་སྐོར་གླེང་སློང་གནང་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་(Wendy Sherman)་རྒྱ་ནག་དུ་ཕེབས་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་(Wang Yi)་དང་། ཕྱི་སྲིད་བློན་ཆེན་གཞོན་པ་(Xie Feng)་བཅས་རྒྱ་ནག་གི་དཔོན་རིགས་དང་ཐེན་ཅིན་དུ་གནད་དོན་དུ་མའི་ཐོག་བཀའ་བསྡུར་གནང་སྐབས། རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུབ་ཀྱི་སྲིད་ཇུས་སྤེལ་བཞིན་པར་སེམས་འཚབ་ཡོད་པ་གླེང་སློང་གནང་ཡོད་ལུགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Ned Price)་ཡིས་འདི་ཚེས་༢༦་ཉིན་གྱི་གསར་འགོད་གསལ་བསྒྲགས་ནང་བཀོད་འདུག ད་དུང་ཁོང་གིས། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་གྱིས་ཕྱི་ཚེས་༢༥་དང་༢༦་རིང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi)་ལ་སོགས་པའི་དཔོན་རིགས་དང་གྲོས་མོལ་གནང་སྐབས། གྲོས་མོལ་ལྷུག་པོ་དང་ཁ་གསང་པོ་བྱུང་བ་མ་ཟད། ཕྱོགས་གཉིས་པོའི་འབྲེལ་ལམ་འཛུགས་ཕྱོགས་སྐོར་གྲོས་མོལ་བྱས་ཡོད། སྐབས་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་གྱིས། ཨ་རི་དང་རྒྱ་ནག་ཕན་ཚུན་གྱི་འགྲན་བསྡུར་རྣོ་ངར་ཆེན་པོ་ཡོང་རྒྱུར་མུ་མཐུད་ནས་དགའ་བསུ་ཞུ་ཞོར་ཨ་རི་རང་ཉིད་ཀྱིས་འགྲན་བསྡུར་གྱི་ནུས་པ་མུ་མཐུད་ནས་ཡར་རྒྱས་གཏོང་རྒྱུ་ཡིན། ཡིན་ན་ཡང་རྒྱ་ནག་དང་མི་མཐུན་པ་བཟོ་ཐབས་བྱ་རྒྱུ་མིན་པའི་སྐོར་གསུངས་ཡོད་འདུག
དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་དགའ་བསུ་དང་འབྲེལ་ཐུགས་རྗེ་ཆེ་ཞུས་བ་དང་། རྒྱལ་ཁབ་གང་འདྲ་ཞིག་གི་འགོ་ཁྲིད་རྒྱ་ནག་གི་དཔོན་རིགས་དང་མཇལ་མོལ་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་རྒྱུ་དང་། བོད་དོན་བདེན་མཐའ་སེལ་ཆེད་༧གོང་ས་མཆོག་གི་སྐུ་ཚབ་དང་མཉམ་གྲོལ་མོལ་གནང་དགོས་བའི་ཞུ་སྐུལ་བྱེད་རྒྱུ་གལ་ཆེན་པོའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འབོད་སྐུལ་ཞུ་རྒྱུ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དེ་འབྲེལ་ཨ་རིའི་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཇེན་ས་ཀི་ལགས་ཀྱིས། ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་རྒྱ་ནག་ཏུ་ཕེབས་ཏེ་ཨ་རིའི་གཞུང་གི་ལངས་ཕྱོགས་དང་ང་ཚོར་སེམས་འཚབ་ཡོད་པའི་གནད་དོན་ཁག་གསལ་སྟོན་བྱ་རྒྱུ་ནི་ང་ཚོས་ཧ་ཅང་གལ་འགངས་ཆེན་པོར་ངོས་འཛིན་བྱེད་ཀྱི་ཡོད་ལ། ཨ་རིའི་གཞུང་གི་ངོས་ནས་རྒྱ་ནག་དང་སྐད་ཆ་བཤད་སྐབས་མི་མཐུན་པའི་གནད་དོན་དཔེར་ན། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དྲག་གནོན་བྱེད་བཞིན་པ་དང་། ཤིན་ཅང་ནང་ཡུ་གུར་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ། དེ་བཞིན་བོད་ནང་གདུག་རྩུབ་ཀྱི་བྱ་སྤྱོད་སྤེལ་བཞིན་པ་སོགས་ཀྱི་ཐོག་སེམས་འཚབ་ཡོད་པ་གསལ་སྟོན་བྱ་རྒྱུ་ནི་ང་ཚོའི་ཕྱི་འབྲེལ་སྲིད་བྱུས་ཀྱི་ལྟ་གྲུབ་ཡིན་པ་གསུངས་ཡོད་པ་རེད།
རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀ་དང་རྒྱ་ནག་གི་ཕྱི་འབྲེལ་མཐོ་རིམ་དཔོན་རིགས་དངོས་སུ་ཐུག་ནས་ཕྱོགས་གཉིས་ཕན་ཚུན་བར་ཧ་ཅང་གི་ཚོར་བ་རྣོ་བའི་གནད་དོན་མི་ཉུང་བའི་ཐོག་གྲོས་མོལ་གནང་ཡོད་ཀྱང་། ད་རེས་ཁ་སྔོན་གྱི་གྲོས་མོལ་སྐབས་ལས་ཕན་ཚུན་བར་འཁོན་འཛིན་གྱི་རྣམ་པ་ཉུང་བ་ཡོད་པའི་གནས་ཚུལ་འདུག
བཀའ་བསྡུར་སྐབས། རྒྱ་ནག་གཞུང་གིས་ཨ་མི་རི་ཀས་རྒྱ་ནག་གི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བཞིན་པའི་སྐྱོན་བརྗོད་བྱས་བ་དང་། ཨ་མི་རི་ཀས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་གཙོས། གནད་དོན་ཁག་གི་ཐོག་ལ་སེམས་ཁྲལ་ཡོད་པའི་སྐོར་གསུངས་བ་དང་ཆབས་ཅིག ཨ་རིའི་ཕྱོགས་ནས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་། ཨེ་རན་(Iran)་དང་བྱང་ཀོ་རི་ཡའི་གནད་དོན་ཐོག་ཚུལ་མཐུན་མཉམ་ལས་བྱ་དགོས་པའི་འབོད་སྐུལ་བྱས་ཡོད་འདུག
འདི་ཚེས་༢༦་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་(Xie Feng)་དང་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་(Wendy Sherman)་གཉིས་རྒྱ་ནག་གི་ཐེན་ཅིན་གྲོང་ཁྱེར་ནང་མཇལ་འཕྲད་རྗེས། རྒྱ་ནག་གི་ཕྱོགས་ནས་ཨ་མི་རི་ཀའི་གཞུང་གིས་ཕྱི་རྒྱལ་ལ་སློབ་གཉེར་དུ་བསྐྱོད་མཁན་རྒྱ་ནག་གི་སློབ་ཕྲུག་དང་དཔོན་རིགས་ཚོའི་ཐོག་ཐོངས་མཆན་(Visa)་སོགས་ཀྱི་ཉེས་ཆད་བཀེལ་བ་ཕྱིར་འཐེན་ཡོང་བའི་རེ་སྐུལ་བྱས་ཡོད་པ་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
དེ་ཡང་ལོ་སྔོན་མའི་ལོ་མཇུག་ཏུ་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གཞུང་གི་དཔོན་རིགས་བཅུ་བཞི་ལ་ཧོང་ཀོང་གི་དམངས་གཙོའི་ཐོག་དམ་དྲག་བྱེད་བཞིན་པའི་ཉེར་ལེན་གྱིས་ཨ་རིར་ཡོང་རྒྱུར་དཔལ་འབྱོར་དང་ཐོངས་མཆན་(Visa)་བཀག་སྡོམ་གྱི་ཉེས་ཆད་བཀེལ་བ་གསལ་བསྒྲགས་བྱས་ཡོད་ཅིང་། དཔོན་རིགས་དེ་ཚོ་ནི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་གཞོན་ཁག་དང་། དེ་མིན་རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མི་ཁག་ཅིག་ཡིན་པ་རེད།
དེ་མ་ཟད་ཨ་རིའི་གཞུང་གིས་ཧོང་ཀོང་གི་སྤྱི་ཁྱབ་པ་ཀེ་རི་ལེམ་དང་། ཉེན་རྟོག་དཔུང་སྡེ་སྤྱི་ཁྱབ་པ་སོགས་འགོ་ཁྲིད་ཁག་ཅིག་གི་ཐོག་ལ་ཡང་དཔལ་འབྱོར་དང་ཐོངས་མཆན་གྱི་ཉེས་ཆད་བཀེལ་ཡོད་པ་རེད།
དེ་ནི་དེ་སྔོན་ཨ་རིའི་སྲིད་འཛིན་(Trump)་གྱི་གཞུང་འཛིན་སྐབས། སྐབས་དེའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་ཡིས་རྒྱ་ནག་གཞུང་གིས་ཡུ་གུར་བ་གཙོས་ཁ་ཆེ་གྲངས་ཉུང་མི་རིགས་གཞན་ཐོག་དམ་དྲག་དྲག་གནོན་གྱི་སྲིད་ཇུས་སྤེལ་བཞིན་པར་བརྟེན་གཞུང་འབྲེལ་ལས་ཁུངས་དང་བཟོ་ཚོང་ཁང་༢༨་ཙམ་ཐོ་གཞུང་ནག་པོ་ནང་བཅུག་པ་ལ་ཁ་སྣོན་ཙམ་ཡིན་པ་བརྗོད་ཡོད།
ཡང་སྔ་ལོ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་བཅོས་མའི་གླིང་ཕྲན་ཐོག རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་འཛུགས་བསྐྲུན་དང་དམག་དོན་གྱི་ལས་གཞི་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་ཁེ་གཉེར་ལས་ཁང་༢༤་ཐོ་གཞུང་ནག་པོའི་ནང་བཅུག་ནས་ཉེས་ཆད་འགེལ་རྒྱུ་ཨ་མི་རི་ཀའི་ཚོང་དོན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་བ་དང་། དེ་མིན་ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་ཀྱང་ཟུར་དུ་གསལ་བསྒྲགས་སྤེལ་ནས། ལས་གཞི་དེའི་ནང་འགན་འཁུར་པའམ། ཡང་ན་ངན་ཇུས་མཉམ་འགོད་བྱེད་མཁན་ཚོར་ཕྱི་སྲིད་ལྷན་ཁང་ནས་(visa)་ཐོངས་མཆན་བཀག་སྡོམ་བྱེད་རྒྱུ་ཡིན་པ་བཀོད་ཡོད་དེར་བརྟེན་ད་རེས་ཨ་རིའི་འཇཱོ་སྦཡེ་ཌེན་(Joe Biden)་གཞུང་འཛིན་གྱི་དཔོན་རིགས་དང་མཇལ་འཕྲད་སྐབས་སུ་ཉེས་ཆད་དེ་དག་ཕྱིར་འཐེན་ཡོང་བའི་རེ་སྐུལ་གནང་བ་ཞིག་ཡིན་པ་རེད།
ལྕམ་(Wendy Sherman)་ལགས་ད་རེས་རྒྱ་ནག་དུ་ཕེབས་ནས་མཐོ་རིམ་ཕྱི་འབྲེལ་དཔོན་རིགས་དང་མཇལ་མོལ་གནང་བ་ནི། སྐུ་ཞབས་(Joe Biden)་ལགས་ཀྱིས་ཨ་རིའི་སྲིད་འཛིན་གྱི་ཐུགས་འགན་བཞེས་ནས་ཟླ་དྲུག་འགོར་བའི་ནང་། རྒྱ་ནག་ནང་འཚམས་གཟིགས་ལ་ཕེབས་མཁན་ཨ་རིའི་དཔོན་རིགས་མཐོ་ཤོས་དེ་ཡིན་པ་རེད།
གསར་འགོད་པ། ཉི་མ་གཡུ་སྒྲོན་དང་དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།