ཨ་རི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཟེར་བའི་ཆེས་མཐོའི་ཚོགས་ཆེན་ཐོག་ཞུཊ་རྒྱུ་མིན་ཟེར།

ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཉིས་པེ་ཅིང་དུ། ༢༠༡༨།༡༠
ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཉིས་པེ་ཅིང་དུ། ༢༠༡༨།༡༠ (AP)

0:00 / 0:00

རྒྱ་ནག་ནང་ཕྱི་ཟླ་ ༤ ཚེས ༢༥ ནས་ཚོགས་རྒྱུའི་རྒྱུད་གཅིག་ལམ་གཅིག་ཟེར་བའི་ཆེས་མཐོའི་ལྷན་ཚོགས་ཐོག་ཨ་རིའི་གཞུང་འབྲེལ་སྐུ་ཚབ་གཏོང་རྒྱུ་མིན་པ་རེད་འདུག
གཟའ་ལྷག་པའི་ཉིན་རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ལས་ཁང་གི་མགྲིན་ཚབ་པས་རིང་མིན་རྒྱ་ནག་ནང་ཚོགས་རྒྱུའི་རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་པིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་ཟེར་བའི་གཞི་རྩའི་འཛུགས་སྐྲུན་ལས་གཞིའི་རྒྱལ་སྤྱིའི་གླེང་སྟེགས་ལྷན་ཚོགས་ཐོག ཨ་རི་གཞུང་གིས་སྐུ་ཚབ་ཆེད་གཏོང་བྱེད་རྒྱུའི་འཆར་གཞི་གང་ཡང་མེད་པའི་སྐོར་དྲ་རྒྱའི་ཐོག་ཕྱིར་བསྒྲགས་གནང་འདུག་ཅིང་། དེའི་ནང་རྒྱལ་ཁབ་ཚང་མས་དཔལ་འབྱོར་གྱི་ཕྱི་འབྲེལ་འབྲེལ་ལམ་བྱེད་པའི་སྐབས་རྒྱལ་སྤྱིའི་སྒྲིག་སྲོལ་དང་ལམ་ལུགས་ལ་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་ཡང་གནང་ཡོད་འདུག
གཟའ་ཕུར་བུ་ནས་སྤེན་པ་བར་ཚོགས་རྒྱུའི་རྒྱུད་གཅིག་ལམ་གཅིག་གི་གླེང་སྟེགས་ལྷན་ཚོགས་དེའི་ཐོག་རྒྱལ་ཁབ་གསུམ་ཅུ་སོ་བདུན་གྱི་འགོ་ཁྲིད་དང་དཔོན་རིགས་མཉམ་བཞུགས་བྱ་འཆར་ཡོད་ལུགས་རྒྱ་ནག་ཕྱོགས་ནས་བརྗོད་ཡོད་པའི་ཁར། གཟའ་འཁོར་སྔོན་མ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ཡིས་གསར་འགོད་ལྷན་ཚོགས་ཐོག་ད་རེས་གཟའ་ཕུར་བུ་ནས་རྒྱ་ནག་ནང་ཚོགས་རྒྱུའི་རྒྱུད་གཅིག་ལམ་གཅིག་གི་གླེང་སྟེགས་ལྷན་ཚོགས་དེའི་ཐོག་ཨ་རིའི་ཕྱི་འབྲེལ་དཔོན་རིགས་དང་དེ་བཞིན་མངའ་སྡེ་སྐུ་ཚབ་ཚོང་དོན་མི་སྣ་ཚོགས་མཉམ་ཞུགས་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད།
ཆེས་མཐོའི་ལྷན་ཚོགས་དེའི་ཐོག་རྒྱ་ནག་གཞུང་གིས་རོགས་རམ་ཤུགས་ཆེ་བྱ་ཡུལ་གྱི་ཡུལ་གྲུ་ཁག་གཅིག་དང་དེ་བཞིན་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ལྟ་བུ་རྒྱ་ནག་དང་ཚོང་འབྲེལ་ཤུགས་ཆེ་ཡོད་པའི་ཡུལ་གྲུ་ཁག་གཅིག་མཉམ་ཞུགས་བྱ་རྒྱུ་ཡིན་ན་ཡང་། རྒྱ་གར་སྔ་ལོ་ཡང་རྒྱུད་གཅིག་ལམ་གཅིག་གི་ཚོགས་ཆེན་ཐོག་ཞུགས་མེད་ལ། འདི་ལོ་ཡང་ཞུགས་རྒྱུ་མིན་ལུགས་གསལ་བསྒྲགས་བྱས་ཟིན་ཞིང་། དེ་དོན་འབྲུག་ཡུལ་ཡང་ལྷན་ཚོགས་དེའི་ནང་ཞུགས་རྒྱུ་མིན་པ་རེད་འདུག
ཕྱི་ལོ་༢༠༡༧ལོར་རྒྱུད་གཅིག་ལམ་གཅིག་ཟེར་བའི་གཞི་རྩའི་འཛུགས་སྐྲུན་ལས་གཞི་རྒྱལ་སྤྱིའི་ལྷན་ཚོགས་དང་པོ་དེ་ཚུགས་ཡོད་པ་དང་། དེའི་སྐབས་ཨ་རིའི་གཞུང་འབྲེལ་སྐུ་ཚབས་སུ་ཨ་རིའི་སྲིད་འཛིན་ལས་ཁང་གི་སློབ་སྟོན་པ་(Matt Porttinger)ཆེད་གཏོང་གནང་ཡོད་པ་དང་། དེའི་རྗེས་རྒྱལ་ཁབ་མི་ཉུང་བ་ཞིག་གིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེའི་ནང་ཞུགས་རྒྱུར་ས་རྟགས་རྒྱབ་ཡོད་པ་རེད།