ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་མུ་མཐུད་ནས་སྡུག་པོར་གནས་ཡོད་པར་བརྟེན་ནས། ཨ་མི་རི་ཀའི་(Harvard)་གཙུག་ལག་སློབ་ཆེན་གྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དབྱར་ཀའི་དུས་སུ་སྐད་ཡིག་སློབ་ཁྲིད་ཀྱི་ལས་གཞི་ཞིག་ལག་བསྟར་བྱེད་བཞིན་པ་དེ་༢༠༢༢་ནས་མཚམས་འཇོག་བྱས་ཏེ། སློབ་ཁྲིད་ཀྱི་ལས་གཞི་དེ་ཐེ་ཝན་ནང་སྤོར་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། དེ་ནི་སྐད་ཡིག་སློབ་ཁྲིད་ཀྱི་ལས་གཞི་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་ཐེ་ཝན་དུ་སྤོར་ཏེ་རྒྱལ་ས་(Taipei)་ནང་བཙུགས་ནས་ལོ་རྗེས་མའི་དབྱར་ཁའི་དུས་སུ་སློབ་ཕྲུག་༦༠་ཙམ་ལ་བདུན་ཕྲག་བརྒྱད་རིང་སྐད་ཡིག་སློབ་ཁྲིད་གནང་རྒྱུ་ཡིན་པ་ཐེ་ཝན་རྒྱལ་ཡོངས་གཙུག་ལག་སློབ་ཆེན་གྱིས་རེས་གཟའ་ལྷག་པའི་ཉིན་གཏན་འཁེལ་བྱས་འདུག
ཨ་རིའི་(Harvard)་གཙུག་ལག་སློབ་ཆེན་གྱི་སློབ་ཕྲུག་གི་ཉིན་རེའི་ཚགས་པར་(Harvard Crimson)་ཞེས་པས་(Harvard)་གཙུག་ལག་སློབ་ཆེན་གྱི་དབྱར་ཁའི་སྐད་ཡིག་སློབ་ཁྲིད་ཀྱི་ལས་གཞི་དེ་རྒྱ་ནག་ནས་ཐེ་ཝན་དུ་སྤོར་རྒྱུའི་གནས་ཚུལ་ཐོག་མར་འདོན་སྤེལ་བྱས་ཡོད་པ་མ་ཟད། དེ་ནི་སྐད་ཡིག་སློབ་ཁྲིད་བྱེད་ཡུལ་རྒྱ་ནག་པེ་ཅིང་དུ་ཡོད་པའི་སློབ་གཉེར་ཁང་གི་མཐུན་ལམ་མམ་འབྲེལ་ལམ་ཡག་པོ་མེད་པའི་བྱ་སྤྱོད་ལ་བརྟེན་ནས་དེ་ལྟར་ཐག་གཅོད་བྱས་ལུགས་བཀོད་ཡོད་པ་རེད་འདུག
ད་དུང་གནས་ཚུལ་ནང་། ལོ་ལྟར་དབྱར་ཁ་སྐད་ཡིག་སློབ་སྦྱོང་བྱེད་མཁན་སློབ་ཕྲུག་དང་ལས་བྱེད་པ་ཚོས་ལོ་ལྟར་ཨ་མི་རི་ཀའི་རང་བཙན་ཉིན་མོ་སྲུང་བརྩི་དང་། ཨ་རིའི་རྒྱལ་གླུ་གཏོང་སྲོལ་ཡོད་ཀྱང་༢༠༡༩ ་པེ་ཅིང་ནང་དུ་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཆེན་མོས་མཛད་སྒོ་དེ་བཀོད་སྒྲིག་བྱེད་རྒྱུ་མཚམས་འཇོག་བྱས་ཡོད་པའི་སྐོར་གོང་གསལ་གཙུག་ལག་སློབ་ཆེན་གྱི་ཚགས་པར་དེར་འགྲེལ་བརྗོད་བྱས་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།