རྒྱ་ནག་རྒྱལ་ས་པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོས་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པར་སྐྱོན་བརྗོད་གནང་ཡོད་པ།

2023.12.11
རྒྱ་ནག་རྒྱལ་ས་པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོས་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པར་སྐྱོན་བརྗོད་གནང་ཡོད་པ། པར་ཚགས། རྒྱ་ནག་རྒྱལ་ས་པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་Nicholas Burns།
ཨེ་ཨེཕ་པི།

རྒྱ་ནག་རྒྱལ་ས་པེ་ཅིན་དུ་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་རྒྱ་ནག་གཞུང་གིས་བོད་དང་། ཤིན་ཅང་། ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བར་སྐྱོན་བརྗོད་གནང་ཞིང་། བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། སྐད་ཡིག མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བའི་བྱ་ཐབས་སྤེལ་བཞིན་པར་སྐྱོན་བརྗོད་གནང་འདུག

དེ་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན། ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ལས་ཁུངས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་། ཨ་རིའི་གཞུང་ཚབ་པ་ཆེན་མོ་Nicholas Burns མཆོག་གིས། ཕྱི་ལོ་ ༡༩༤༨ ་ལོར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ་འགྲོ་བ་མི་ཚང་མར་འདྲ་མཉམ་གྱིས་ཆེ་མཐོང་དང་ཐོབ་ཐང་ལྡན་དགོས་པ་གསལ་ཡོད་ཀྱང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱ་རྒྱུར་ལས་དོན་སྒྲུབ་ཐུབ་མེད་པས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཨ་རིར་ཐུགས་ཚབས་ཆེན་པོ་ཡོད་ཅེས་བཀོད་འདུག

ཡང་གསལ་བསྒྲགས་འདིའི་ནང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། སྐད་ཡིག མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བའི་སྡུག་རྩུབ་ཅན་གྱི་ལས་དོན་ཁག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅེས་གསུངས་འདུག་ལ། ཤིན་ཅང་ནང་གི་ཡུ་གུར་མི་རིགས་དང་། ཆོས་ལུགས་རྩ་མེད་བཟོ་བའི་བྱ་ཐབས་བཟུང་ནས་དཀའ་ངལ་མྱོང་མཁན་མི་རིགས་ལ་ཁ་གཏད་གདོང་ལེན་བྱེད་མཁན་གྱི་རྒྱལ་ཁབ་ཁག་དང་འཛམ་གླིང་མང་ཚོགས་དང་མཉམ་དུ་ཨ་མི་རི་ཀས་ལངས་ཡོད་ཅེས་གསུངས་འདུག

Nicholas Burns twitter.png

ཨ་རིའི་གཞུང་ཚབ་ལས་ཁུངས་ཀྱི་གསལ་བསྒྲགས་དེའི་ནང་ད་དུང་། ཧོང་ཀོང་གི་མང་གཙོའི་ལས་འགུལ་སྤེལ་མཁན་ཚོའི་ཐོག་ཉེས་མེད་ཉེས་བཙུགས་ཀྱིས་བཙོན་འཇུག་བྱེད་བཞིན་པ་སོགས་ཀྱི་གནད་དོན་ཐད་ཐུགས་ཚབས་ཆེན་པོ་ཡོད་ཅེས་གསལ་སྟོན་གནང་ཡོད་པ་དང་སྦྲགས་ཨ་མི་རི་ཀས་རྒྱལ་སྤྱིའི་ནང་ཞི་བདེ་དང་། ཆོས་དད་རང་དབང་། དེ་བཞིན་ཁྲིམས་ལུགས་ལ་སྲུང་བརྩི་ཞུ་མཁན་རྒྱ་ནག་ནང་གི་ཁྲིམས་རྩོད་པ་དང་། གསར་འགོད་པ། ཞི་བའི་མི་མང་བཅས་པར་བརྙས་བཅོས་དང་། འཇིགས་སྐུལ། བཙོན་འཇུག་བྱེད་པའི་རྒྱ་ནག་གི་སྡུག་རྩུབ་ཅན་གྱི་བྱ་སྤྱོད་ཐད་ཐུགས་ཚབས་ཆེན་པོ་ཡོད་ཅིང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་གནང་ཕྱོགས་ཀྱི་ལས་འགན་འཁྱེར་ཏེ་འགྲོ་བ་མིའི་ཐོབ་ཐང་གི་ཐད་བྱ་ཐབས་འཛིན་སྟངས་ལ་བརྟག་ཞིབ་བྱ་དགོས་པ་དང་། སོ་སོའི་མི་མང་ལ་ཁས་ལེན་བྱས་པ་དེའི་ཐོག་གནས་དགོས་པའི་འབོད་སྐུལ་ཞུས་འདུག།
གསར་འགོད་པ། དབྱངས་སྒྲོལ། ཀེ་ཐོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎