རྒྱའི་ཉེན་རྟོག་པས་ཡུ་གུར་མི་རིགས་གཉིས་ལ་མེ་མདའ་བརྒྱབ་པ།
2009.07.14
༄༅༎རྒྱ་ནག་གི་ཤིན་ཅང་ཞེས་པའི་ཤར་ཏུར་ཀི་སི་ཐན་གྱི་གྲོང་ཁྱེར་ནང་ཡུ་གུར་མི་གཉིས་ཀྱིས་ཆོས་དམག་རྒྱག་དགོས་པའི་སྐུལ་སློང་བྱེད་སྐབས་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་མི་གཉིས་ཀ་བསད་པ་དང་དམག་མི་ཕོན་ཆེ་འགྲེམས་འཇོག་འོག་རྒྱལ་ས་ཨུ་རུམ་ཆི་ནང་ཛ་དྲག་གནས་སྟངས་ཡོད་མུས་ཡིན་པ་རེད།
ཁ་ཆེའི་ཕྱག་འཚལ་ཁང་དུ་ཆོས་བྱེད་པ་འདུ་འཛོམས་སར་མི་གཉིས་ཀྱིས་རྒྱ་ཧན་མི་རིགས་ལ་ཆོས་དམག་རྒྱག་དགོས་པའི་སྐུལ་མ་བྱེད་སྐབས་ཉེན་རྟོག་པས་མི་གཉིས་པོ་དེ་བསད་པ་དང་གཞན་ཞིག་ལ་རྨས་སྐྱོན་བཏང་འདུག
ཁ་ཆེའི་ཡུལ་གྲུ་ཕལ་མོ་ཆེའི་ནང་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ལ་དྲག་གནོན་བྱས་པར་ངོ་རྒོལ་བྱུང་འདུག་ཀྱང་རྒྱ་ནག་མཉམ་དུ་ཚོང་འབྲེལ་ཁེ་ཕན་ཤོར་དོགས་ཀྱིས་ཀྲར་ཀི་ཕུད་པའི་ཁ་ཆེའི་ཡུལ་གྲུའི་སྲིད་གཞུང་ཕལ་མོ་ཆེས་ངོ་རྒོལ་རྣམ་འགྱུར་ཤུགས་ཆེ་བ་བསྟན་མེད་པ་རེད།
ཡང་ཨེལ་ཇེ་རི་ཡ་ཡུལ་དུ་རྟེན་གཞི་བྱས་པའི་ཨི་སི་ལ་མིཀ་མག་རེབ་ཅེས་པའི་ཨེལ་ཁེ་ཌ་འཇིགས་སྐུལ་དྲག་སྤྱོད་སྡེ་ཚོགས་ཀྱིས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་མི་རིགས་ལ་འཚེ་བ་བྱས་ཏེ་ལན་བསློག་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་ཀྱང་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རེ་བི་ཡ་ཀི་རྡིར་གྱིས་དྲག་སྤྱོད་ལ་ངོ་རྒོལ་གནང་འདུག འཚེ་བ་ལམ་ནས་དཀའ་རྙོག་གང་ཞིག་སེལ་ཐུབ་པར་ཡིད་ཆེས་གནང་གི་མེད་ཅེས་དང་ཤར་ཏུར་ཀི་སི་ཐན་ནང་ཡུ་གུར་མི་རིགས་ཀྱི་ཁྲིམས་མཐུན་མངོན་འདོད་ཀྱི་འཐབ་རྩོད་དང་ད་ཡོད་ཀྱི་བྱུས་ཉེས་ཀྱི་གོ་སྐབས་བཟུང་ནས་རྒྱལ་སྤྱིའི་འཇིགས་སྐུལ་དྲག་སྤྱོད་པ་ཚོས་རྒྱ་ནག་གི་གཞུང་ཚབ་ཁང་དང་ཞི་བའི་མི་མང་ལ་འཚེ་བ་བྱེད་མི་རུང་ཞེས་ཡུ་གུར་མི་རིགས་ཀྱི་འགོ་ཁྲིད་རེ་བི་ཡ་ཀ་རྡིར་གྱིས་གསུངས་གནང་འདུག རྒྱ་ནག་གཞུང་གིས་ཤིན་ཅང་གི་དོན་རྐྱེན་རེ་བི་ཡ་ཀ་རྡིར་གྱིས་སྐུལ་སློང་བྱས་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་ཀྱང་ཨ་རིའི་གྲོས་ཚོགས་ཀྱིས་དེ་ལྟའི་མིང་རྗེས་བཟོ་མཚམས་འཇོག་དགོས་པའི་གྲོས་འཆར་ཞིག་བཏོན་ཡོད་པ་རེད༎