རྒྱ་ནག་གཞུང་ནས་བོད་མིར་མུ་མཐུད་དྲག་གནོན་བྱེད་བཞིན་པ།

༸གོང་ས་མཆོག་གིས་བོད་ནང་རྒྱ་ནག་གཞུང་ནས་བོད་མི་ཚོའི་ཐོག་དྲག་གནོན་མུ་མཐུད་བྱེད་བཞིན་ཡོད་ལུགས་བཀའ་གནང་འདུག།

2008.08.21

༄༅༎༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་རྒྱ་ནག་གཞུང་ནས་བོད་མི་ཚོའི་ཐོག་དྲག་གནོན་མུ་མཐུད་བྱེད་བཞིན་ཡོད་ལུགས་བཀའ་གནང་འདུག།

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་བཅུ་བཞི་ནས་བཟུང་ཕེ་རན་སིའི་ནུབ་བྱང་ཁུལ་དུ་ཞབས་སོར་འཁོད་གནང་གིས་ཁུལ་དེར་ཆོས་འབྲེལ་གྱི་མཛད་འཕྲིན་བསྐྱངས་གནང་བཞིན་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཁུལ་དེའི་གྲོང་ཁྱེར་སྤྱི་ཁྱབ་དང་གཞན་ཡང་དཔོན་རིགས་ཁག་ཅིག་མཇལ་འཕྲད་གནང་འདུག། ལྷག་པར་དུ་ནེན་ཏེ་སེ་ས་ཁུལ་དུ་༸གོང་ས་མཆོག་ནས་ནང་སེམས་ཀྱི་ཞི་བདེ་སྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གསུངས་བཤད་གནང་བའི་སྐབས། ཚོགས་ཁང་ནང་། མི་མང་ཆིག་ཁྲི་བརྒལ་བ་བཅར་བ་དང༌། ཚོགས་ཁང་ནང་བཅར་རྒྱུའི་ལག་འཁྱེར་མི་ཐོབ་པའི་མི་མང་བརྒྱ་ ཕྲག་འགའ་ཤས་ནས་ཕྱི་ཕྱོགས་སུ་བརྙན་འཕྲིན་བརྒྱུད་ནས་བཀའ་སློབ་ཉན་ཡོད་པ་སོགས་ཕེ་རན་སིའི་མང་ཚོགས་ནས་ཧ་ཅང་གུས་བརྩི་ཞུས་ཡོད་འདུག། དེ་དང་ཕྱོགས་ཕེ་རན་སིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང༌། དེ་བཞིན་དེ་སྔ་སྲིད་འཛིན་འོས་དམིགས་སུ་བཞེངས་མཁན་ལྕམ་སྐུ་རོ་ཡལ་ཡང་མཇལ་འཕྲད་གནང་ནས་བོད་ནང་གི་གནས་སྟངས་སྤྱི་དང༌། ལྷག་པར་དུ་ཉེ་ཆར་བོད་ནང་དོན་རྐྱེན་སྐོར་བཀའ་གནང་ཡོད་པ་རེད། ཡང་༸གོང་ས་མཆོག་ས་གནས་གང་དུ་ཆིབས་བསྒྱུར་གནང་ཡང་མང་ཚོགས་ནས་བོད་ཀྱི་རྒྱལ་དར་འཕྱངས་བའི་ཐོག་ནས་ཕེབས་བསུའི་སྣེ་ལེན་ཞུས་པར་༸གོང་ས་མཆིག་གིས། ཐུགས་དགྱེས་ཚོར་ཆེན་པོའི་ཐོག་ནས་བོད་མི་ཚོའི་གནས་སྟངས་ཉག་ཕྲ་བའི་སྐབས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང༌། ལྷག་པར་དུ་བོད་ཀྱི་རྒྱལ་དར་དེ་ནི་དེ་སྔ་ཕྱི་ལོ་༡༩༥༤ ལོར་༸གོང་ས་མཆོག་རྒྱ་ནག་ལ་ཕེབས་པའི་སྐབས་མའོ་ཚེ་ཐུང་གིས་ཀྱང་རྒྱལ་དར་སྐོར་འདྲི་བརྩད་བྱས་པ་དང༌། སྦྲགས་བོད་ཀྱི་རྒྱལ་དར་ཉར་ཚགས་ཡག་པོ་བྱེད་དགོས་པའི་དགོངས་ཚུལ་གསུངས་མྱོང་ཡོད་པ་ཞིག་ཡིན་སྟབས་དེ་དག་གལ་འགངས་ཆེན་པོ་ཞིག་ཡིན་ལུགས་བཀའ་གནང་ཡོད་འདུག། ཡང་དེ་རིང་རེས་གཟའ་ཕུར་བུའི་ཉིན་༸གོང་ས་མཆོག་ལ་གསར་འགོད་པས་བོད་ནང་གི་གནས་ཚུལ་བཀའ་འདྲི་ཞུས་པའི་སྐབས། བོད་ནང་ད་ལྟའང་མུ་མཐུད་ནས་རྒྱ་མིའི་ཉེན་རྟོག་པས་བོད་མི་ཚོའི་ཐོག་དྲག་གནོན་བྱེད་ཀྱི་ཡོད་རེད་ལ་ཉིན་ཤས་གོང་ཙམ་ལ་བོད་ཤར་ཕྱོགས་ཁུལ་རྒྱ་མིའི་ཉེན་རྟོག་པས་གོ་མཚོན་སོགས་གང་ཡང་འཁྱེར་རྒྱུ་མེད་པའི་བོད་མིའི་འདུ་འཛོམས་ཤིག་ལ་མེ་མདའ་རྒྱབ་པའི་རྐྱེན་གྱིས་གྲངས་ཚད་ངེས་གཏན་མེད་ཀྱང་མང་པོ་ཞིག་དམར་བསད་བཏང་བའི་གནས་ཚུལ་བྱུང་ཡོད་པ་མ་ཟད་རྐྱེན་ལམ་དུ་ཕྱིན་པ་རྣམས་ཀྱི་ཕུར་པོ་ཡང་ནང་མི་ཚོར་སྤྲད་མེད་པ་སོགས་བྱ་སྤྱོད་སྤེལ་གྱི་ཡོད་རེད་ཅེས་བཀའ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎