བོད་ནང་གི་སློབ་ཆེན་ཁག་གི་སློབ་མ་ཚོའི་བར་གྱི་རྟགས་གསལ་འགྲན་ཚོགས་དང་པོ་ཚོགས་ཡོད་པ།
དེ་ཡང་འདི་གའི་གསར་འགོད་པར་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་ཞིག་གིས་གསུངས་བར་བྱས་ན། མདོ་སྨད་ཟི་ལིང་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་མཚོ་སྔོན་མི་རིགས་སློབ་གླིང་དུ། བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་སློབ་གྲ་ཆེན་མོ་ཁག་གི་རིགས་ལམ་རྟགས་གསལ་གཏོང་བའི་འགྲན་བསྡུར་ཐེངས་དང་པོ་འཚོགས་ཡོད་པ་དང་།
དེ་ནི་ཉེ་བའི་ལོ་ཤས་ནས་བཟུང་བོད་ཕྱི་ནང་གཉིས་ཀྱི་སློབ་གྲ་ཆེ་འབྲིང་ཆུང་གསུམ་གྱི་ནང་དུ། ནང་པའི་ཚད་མ་རིག་པའི་རྟགས་གསལ་རིག་ལམ་སློབ་གཉེར་གནང་བཞིན་ཡོད་པ་ལྟར། ཟླ་བ་འདིའི་ཚེས་༥ཉིན་མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་མཚོ་སྔོན་མི་རིགས་སློབ་གླིང་དུ། བོད་ཆོལ་ཁ་གསུམ་གྱི་སློབ་གྲ་ཆེན་མོ་ཁག་གི་རིག་ལམ་གྱི་རྟགས་གསལ་གཏོང་བའི་རྩོད་གླེང་གི་འགྲན་བསྡུར་ཐེངས་དང་པོ་བསྐྱངས་ཡོད་པ་དང༌། ཐེངས་འདིའི་རྩོད་གླེང་འགྲན་བསྡུར་ནང་བོད་ལྗོངས་སློབ་གྲ་ཆེན་མོ་དང༌། ཀྲུང་དབྱང་མི་རིགས་སློབ་གྲ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲ་ཆེན་མོ། མཚོ་སྔོན་དགེ་འོས་སློབ་གྲ་ཆེན་མོ། ཀན་སུ་མི་རིགས་དགེ་འོས་སློབ་གླིང༌། ཟི་ཁྲོན་མི་རིགས་སློབ་གླིང༌། མཚོ་སྔོན་མི་རིགས་སློབ་གྲ་ཆེན་མོ་ལ་སོགས་པའི་སློབ་མ་བརྒྱ་ཙམ་གྱིས་མཉམ་ཞུགས་གནང་འདུག་ཅིང༌། དེ་ལྟར་གནང་དགོས་པའི་རྒྱུ་མཚན་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་རྟགས་གསལ་གཏོང་བའི་རིག་ལམ་སློབ་གཉེར་གནང་སྲོལ་དེ་ནི། ཆོས་ཕྱོགས་ཀྱི་སློབ་སྦྱོང་གཅིག་པུ་མ་ཡིན་པར། རྒྱལ་རབས་ལོ་རྒྱུས་དང༌། སུམ་རྟགས་སྙན་ངག་ལ་སོགས་པའི་རིག་གནས་ཐ་དག་ལ་བརྡར་ཤ་སྤྱད་པའི་ཐོག་ནས་སློབ་སྦྱོང་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་ཡིན་པའི་ངོས་འཛིན་གྱི་ཐོག་ནས་གནང་བ་ཞིག་ཡིན་པ་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་ གྱིས་གསུངས་འདུག
གནས་ཚུལ་ལྟར་ན། འགྲན་ཚོགས་འདིར་གདན་འདྲེན་ཞུས་པའི་སྐུ་མགྲོན་ལ་སི་ཁྲོན་དཀར་མཛེས་བཞག་པ་མ་ཐང་དགོན་གྱི་བཞག་པ་རིན་པོ་ཆེ་ལགས་དང་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གི་ལྷ་རམས་པ་འཇམ་དཔལ་བློ་ཤེས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཆི་ཧྲོན་ལེ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཀུའུ་ཞོའོ་ཧིན། ཀྲུང་ཧྲན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཅུའུ་ཧྲི་ཨར། ཀོས་ཀྲོའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧྲོན་ཀྲིན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཅུའུ་ཙུང་ལིན། མཚོ་སྔོན་འཇིགས་མེད་བོད་སྨན་ཁང་གི་འགན་འཛིན་འཇིགས་མེད་ཕུན་ཚོགས་ལགས་བཅས་ཡོད་པ་རེད།
གསར་འགོད་པ་ངག་ད་བང་ཆོས་འཕེལ།
བོད་ནང་སློབ་ཆེན་ཁག་གི་རྟགས་གསལ་འགྲན་ཚོགས་དང་པོ།
