གཙུག་ལག་སློབ་ཆེན་གཉིས་ཀྱིས་བོད་མིར་སློབ་ཡོན་མཐུན་འགྱུར།
2015.04.16
རྒྱ་གར་གྱི་གཙུག་ལག་སློབ་གྲ་ཆེན་མོ་གཉིས་ཀྱིས་བོད་པའི་སློབ་ཕྲུག་བཅུ་དགུར་སློབ་ཡོན་མཁོ་སྤྲོད་གནང་རྒྱུའི་ཞལ་བཞེས་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་འདི་ཚེས་༡༦ཉིན་སྤེལ་བའི་གསལ་བསྒྲགས་ནང་། ད་ལམ་བོད་པའི་སློབ་ཕྲུག་ཚོར་སློབ་ཡོན་གྱི་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་མཁན་དེ་དག་ནས་གཅིག་རྒྱ་གར་བྱང་ཕྱོགས་Uttar Pradesh མངའ་སྡེའི་ནང་ཡོད་པའི་Teerthanker Mahavirགཙུག་ལག་སློབ་གྲ་ཆེན་མོ་ཡིན་འདུག་པ་དང༌། མཐོ་སློབ་དེ་ཡིས་བོད་པའི་སློབ་ཕྲུག་ལྔ་ལ་མཐོ་རིམ་སློབ་གྲའི་ནང་ཚན་རིག་དང༌། འཛིན་སྐྱོང་། རྩིས་འཁོར་བཅས་ཀྱི་སློབ་སྦྱོང་བྱ་རྒྱུའི་ཆེད་སློབ་ཡོན་གནང་རྒྱུ་ཡིན་པ་དང༌། ཡང་རྒྱ་གར་ལྷོ་ཕྱོགས་Bangaloreགྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Krupanidhiཤེས་ཡོན་ཐེབས་རྩ་ཁང་གིས་བོད་པའི་སློབ་ཕྲུག་བཅུ་བཞིར་མཐོ་སློབ་ནང་འཕྲོད་བསྟེན་དང་། རྩིས། འཛིན་སྐྱོང་བཅས་ཀྱི་སློབ་སྦྱོང་བྱ་རྒྱུར་སློབ་ཡོན་མཁོ་སྤྲོད་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་ལྟར། སློབ་ཡོན་དེ་དག་ཞུ་འདོད་ཡོད་པའི་བོད་པའི་སློབ་ཕྲུག་རྣམས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་སུ་ཞུ་སྙན་གྱི་འགེང་ཤོག་ཕུལ་དགོས་པ་དང༌། འགེང་ཤོག་ཕུལ་མཁན་རྣམས་ལ་དགོས་ངེས་ཀྱི་ཆ་རྐྱེན་ནི་མ་མཐར་འཛིན་རིམ་བཅུ་གཉིས་ཐོན་པ་དང༌། བོད་མི་སྐྱབས་བཅོལ་བའི་ལག་འཁྱེར་དང་། དེ་བཞིན་བོད་མིའི་དང་བླངས་དཔྱ་ཁྲལ་ལག་དེབ་ཡོད་དགོས་པ་དང༌། ཡང་སྙན་ཞུ་འབུལ་མཁན་གྱི་ཁོངས་ནས་རྩེ་ཕུད་འདེམས་སྒྲུག་བྱ་སྟངས་དེ་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་ཨང་རིམ་མཐོ་ལོས་ལ་གཞི་བཅོལ་གནང་རྒྱུ་ཡིན་པ་རེད་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།