ཡུ་རོབ་རྒྱལ་ཁབ་ ༢༨ ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་ལ་བློ་འཚབ་བསྟན་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཐུན་ ༥༨ ཐོག་ཡུ་རོབ་རྒྱལ་ཁབ་ ༢༨ ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་ལ་བློ་འཚབ་ཡོད་པའི་མཉམ་སྦྲེལ་བསྒྲགས་གཏམ་སྤེལ་འདུག་པ་མ་ཟད། རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་དགོས་པའི་འབོད་སྐུལ་གནང་བར་བོད་མིའི་སྒྲིག་འཛུགས་ནས་དགའ་བསུ་ཞུས་འདུག
དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༢༠ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༥༨ པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་པོ་ལེནྜ་གྱི་སྐུ་ཚབ་མི་རོ་སོ་ལོ་སྦུ་ཡི་ལོ་(Miroslaw Broilo)མཆོག་གིས་རྒྱ་ནག་སྤྱི་དང་། བྱེ་བྲག་ཏུ་བོད་དང་ཤར་ཏུར་ཀི་སི་ཐན་ནང་གི་གནས་སྟངས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་། ཁྲིམས་རྩོད་པ། གསར་འགོད་པ་བཅས་ཀྱི་ཐོག་དམ་དྲག་བྱེད་བཞིནར་པར་བློ་འཚབ་བསྟན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱ་རྒྱུ་མཚམས་འཇོག་དགོས་པའི་ནན་བརྗོད་གནང་འདུག
ཡུ་རོབ་རྒྱལ་ཁབ་ ༢༨ ཐུན་མོང་ནས་སྤེལ་བའི་བསྒྲགས་གཏམ་དེའི་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཡིན་པ་བསྐྱར་ནན་གནང་ཡོད་པའི་མ་ཚད། རྒྱ་ནག་གཞུང་ལ་རྒྱ་ནག་རང་གི་རྩ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་གིས་ཁྲིམས་ཀྱི་དབང་སྒྱུར་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་སྲུང་སྐྱོབ་དགོས་པའི་རེ་སྐུལ་གནང་ཡོད་ལ། དེ་ལས་འཕྲོས་ཏེ་བོད་དོན་དང་འབྲེལ་ཏེ། སྐུ་ཚབ་རྣམས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་ནི། བོད་ནང་བཙན་དབང་གིས་བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲའི་ནང་སློབ་འཇུག་དང་། ཆུ་མཛོད་གསར་རྒྱག་གྱི་ལས་གཞིར་ཞི་རྒོལ་བྱེད་པར་དམ་དྲག་བྱེད་པ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་སློབ་གྲྭ་རྣམས་བཙན་པོས་སྒོ་རྒྱག་ཏུ་འཇུག་པ་སོགས་ལས་རྟོགས་ཐུབ་པ་ཡིན་ཞེས་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱོད་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུའི་སྟེང་ཡུ་རོབ་རྒྱལ་ཁབ་ ༢༨ ཀྱིས་མཉམ་སྦྲེལ་བསྒྲགས་གཏམ་དང་། རྒྱལ་ཁབ་སོ་སོའི་སྒེར་གྱི་བསྒྲགས་གཏམ་སྤེལ་བར་དགའ་བསུ་ཞུས་ཡོད་པ་མ་ཟད། རྒྱ་ནག་གཞུང་ནས་རྒྱལ་ཁབ་འདི་དག་གི་འབོད་སྐུལ་ལ་ཉན་ནས་བོད་མིར་དམ་བསྒྲགས་བྱེད་བཞིན་པ་རྣམས་མཚམས་འཇོག་དགོས་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚང་མ་ཆ་རྐྱེན་གང་ཡང་མེད་པར་ཀློད་གྲོལ་དགོས་པའི་རེ་སྐུལ་གནང་འདུག
དེ་མཚུངས་རྒྱལ་ཁབ་དེ་དག་གིས་བྱ་བྲལ་རིན་པོ་ཆེ་དང་། སྒོ་ཤེས་རབ་རྒྱ་མཚོ། མགོ་ལོག་དཔལ་ལྡན། སེམས་སྐྱིད་སྒྲོལ་མ། བཀྲ་ཤིས་རྡོ་རྗེ་གཙོས་པའི་བོད་དང་། ཡུ་གུར། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་འཕྲལ་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཀློད་གྲོལ་གཏང་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་དང་དམིགས་བསལ་ཆེད་མཁས་པ་རྣམ་པ་བཀག་འགོག་མེད་པའི་ཐོག་ནས་བོད་ནང་བསྐྱོད་ཐུབ་རྒྱུར་ཆོག་མཆན་སྤྲོད་དགོས་པ་གསུངས་འདུག །
གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།