སོའོ་མའ་ལི་ཡུལ་གྱི་སྐྱབས་བཅོལ་བར་བློ་འཚབ།
2011.07.26
༄༅༎སོའོ་མའ་ལིའི་མི་དམངས་བཀྲེས་ལྟོགས་མི་བཟོད་པར་འདས་ཟིན་པའི་ཟླ་བ་གཅིག་དེའི་ནང༌། བེུད་ཁྲི་བཞི་ཙམ་སོའོ་མའ་ལིའི་རྒྱལ་ས་མོ་ག་ཌི་ཤུ་དུ་ཟ་འཐུང་འཚོལ་དུ་སླེབས་ཏེ་རྒྱལ་སའི་ནང་བེུད་ཀྱིས་ཁེངས་ཡོད་པའི་སྐོར་དེ་རིང་རེས་གཟའ་མིག་དམར་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁང་གིས་བློ་འཚབ་ཀྱི་གནས་ཚུལ་གསུང་ཡོད་པ་རེད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁང་གི་མགྲིན་ཚབ་པ་ལྦི་ལྦིཡེན་ཀྲེན་ཞུ་བས། སོའོ་མའ་ལིའི་ནང་ཆར་ཆུ་མ་འབབ་པར་ཐན་པའི་དཀའ་ངལ་འོག་འཚོ་བ་འཚོལ་ཐབས་མེད་པར་བརྟེན་ནས། བེུད་ཁྲི་བཞི་ཙམ་སོའོ་མའ་ལིའི་རྒྱལ་སར་ཟས་གོས་དང༌། སྡོད་ཁྱིམ་སོགས་འཕྲལ་སེལ་ཛ་དྲག་གི་རོགས་རམ་འཚོལ་དུ་སླེབས་པའི་ཁར། ད་དུང་ཡང་མི་གྲངས་ཁྲི་གསུམ་འཕར་སྣོན་སླེབས་ཏེ། རྒྱལ་སའི་ནང་གཞིས་ཆགས་ཏེ་བསྡད་ཡོད་པ་དེ་དག་ཁྱོན་བསྡོམས་ན། རྒྱལ་སའི་ནང་དུ་མི་དམངས་འབུམ་གཅིག་ལྷག་འབྱོར་ཡོད་པ་དང༌། ཕྱི་ཟླ་བདུན་པ་དེའི་ནང་ཉིན་རེར་མི་གྲངས་ཆིག་སྟོང་ཙམ་འབྱོར་གྱི་ཡོད་པའི་སྐོར་གསུང་ཡོད་ཅིང༌། ད་དུང་ཁོང་གིས། སོའོ་མའ་ལིའི་ནང་རོགས་སྐྱོར་གྱི་དངོས་ཟོག་འབྱོར་བ་རྣམས་ཀྱིས་ཟ་འབྲུའི་རོགས་རམ་སྤྲོད་དགོས་སའི་མི་འབོར་གྱི་ཆ་ནས། འདེངས་ངེས་ཤིག་མེད་པའི་ཁར། དམིགས་བསལ་ཁ་ལག་ཐོག་འཚང་ཁ་རྒྱབ་ཏེ། མི་ཚོགས་འཚང་ཁ་ཆེ་བའི་བཙིར་གནོན་དང་ཐ་ན་ཁག་ཅིག་གིས་རྐུ་འཁྱེར་བྱེད་ཀྱི་ཡོད་པ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་ལས་ཁང་གཙོས་པའི་རོགས་རམ་ཚོགས་པ་དང༌། དགེ་རྩ་ཚོགས་པའི་ངོས་ནས་མི་རེ་ངོ་རེར་རོགས་སྐྱོར་ཐོབ་ཐབས་ཀྱི་འབད་བརྩོན་ཇི་ཙམ་བྱས་ཀྱང༌། མི་སྐྱོ་པོ་ཁག་ཅིག་དང་ཧ་ཅང་གི་སེམས་ཆུང་ཁག་ཅིག་ལ་གང་ཡང་ཐོབ་ཀྱི་མེད་པའི་འགྲེལ་བརྗོད་གནང་ཡོད་པ་རེད། སོའོ་མའ་ལིའི་མི་དམངས་ས་ཡ་གསུམ་དང་གྲངས་ཆུང་བདུན་ནམ་རྒྱལ་ཁབ་ཀྱི་མི་འབོར་ནས་ཆ་གསུམ་ནི། བཀྲེས་ལྟོགས་ཀྱིས་མནར་བཞིན་ཡོད་པ་མ་ཟད། ད་དུང་ཨི་ཐོ་པི་ཡ་ དང༌། ཀེན་ཡ། ཡུ་གན་ཌ་ནང་མི་དམངས་ས་ཡ་མང་པོར་མི་ལོ་དྲུག་ཅུའི་ནང་བྱུང་མྱོང་མེད་པའི་ཐན་པའི་དཀའ་ངལ་ཚབས་ཆེ་འཕྲད་བཞིན་ཡདོ་པ་རེད།