རྒྱལ་ཚོགས་ཀྱི་ངོས་ནས་བོད་ཀྱི་དཀའ་ངལ་ལ་དོ་སྣང་དགོས་བའི་འབོད་སྐུལ་གནང་འདུག
2019.09.17
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་དང་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་བོད་ཀྱི་དཀའ་ངལ་ཁག་ལ་དོ་སྣང་དགོས་བའི་འབོད་སྐུལ་གནང་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ཞེ་གཉིས་པའི་ལས་དུས་༡༤་པའི་སྟེང་། བོད་མིའི་སྐུ་ཚབ་ཀྱིས་རྒྱ་ནག་གིས་བོད་མིའི་ཆོས་དད་རང་དབང་བརྡལ་བཤིག་བཏང་དང་གཏོང་བཞིན་པ་དེར། ཉེས་ཆད་གང་ཡང་མེད་པར་གནས་མུས་ལ་སོང་དེར་རྒྱལ་ཚོགས་ཀྱི་ངོས་ནས་དོ་སྣང་གནང་དགོས་པའི་འབོད་བསྐུལ་གནང་འདུག
སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་བོད་དོན་ཞུ་གཏུག་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས། འཇིག་ཉེན་ཡོད་པའི་མི་རིགས་སྲུང་སྐྱོབ་ལྷན་ཚོགས་ཞེས་པའི་གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚབ་ཞུས་ཏེ་རྒྱལ་ཚོགས་ནང་གཏམ་བཤད་གནང་འདུག ཁོང་གིས་ བོད་ནང་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ཐོག་དྲག་གནོན་གྱི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པའི་སྐོར་དང་། ལྷག་པར་དུ་བོད་བརྒྱུད་ནང་ཆོས་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་དེར་ཐེ་བྱུས་བྱེད་ཀྱི་ཡོད་པ་ཐེར་འདོན་གནང་འདུག
ཡང་ཁོངམ་གིས་སྐབས་དེར་རྒྱ་ནག་གཞུང་གིས་ལོ་ངོ་བརྒྱ་ཕྲག་མང་པོའི་བོད་ལུགས་ནང་ཆོས་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་དེར་གང་བྱུང་གིས་ཐེ་བྱུས་བྱེད་བཞིན་པ་ནི་ནོར་འཁྲུལ་ཆེན་པོ་ཡིན་པ་དང་། དེའི་དམིགས་ཡུལ་ནི་སྲིད་དོན་གྱི་དགོས་མཁོ་སྒྲུབ་ཆེད་ཡིན་པས། གནད་དོན་དེར་བློ་འཚབ་ཤུགས་ཆེ་བྱེད་འོས་པ་ཞིག་ལ་སོང་རྒྱལ་ཚོགས་ཀྱི་ངོས་ནས་དེའི་ཐོག་དོ་སྣང་གནང་དགོས་པའི་འབོད་བསྐུལ་གནང་འདུག ཡང་སྐལ་ལྡན་མཚོ་མོ་ལགས་ཀྱིས་ཉེ་ཆར་རྒྱ་ནག་གཞུང་གིས་བོད་མི་ལས་བྱེད་བགྲེས་ཡོལ་དུ་ཕྱིན་པ་རྣམས་ལ་ལྷ་ཁང་དང་དགོན་པར་ཆོས་མཇལ་མི་ཆོག་པ་བཟོས་བའི་དམ་དྲག་གནད་དོན་ཐེར་འདོན་དང་། བོད་ཀྱི་རྒྱལ་ས་ལྷ་ས་དང་ལྷོ་ཁ་རྩེ་ཐང་།
ཆབ་མདོ་བཅས་པའི་ས་ཁུལ་གྱི་འབྲིང་རིམ་སློབ་ཕྲུག་རྣམས་ལ་ས་ག་ཟླ་བ་གཙོས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་རྒྱུར་དམ་དྲག་བྱེད་བཞིན་པའི་སྐོར་སོགས་གསུངས་འདུག
མཇུག་དེར་སྐལ་ལྡན་མཚོ་མོ་ལགས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་བར་དབུ་མའི་ལམ་གཞིར་བཟུང་དོན་ཕན་ལྡན་པའི་གྲོས་མོལ་གནང་དགོས་པ་རྒྱལ་ཚོགས་ནས་སྐུལ་འདེད་གནང་དགོས་པའི་འབོད་སྐུལ་གནང་འདུག